ཧྥུན་ཏི་ལའེ་ཨིན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་སྐོར་ཐེངས21པའི་ཨུ་རུ་སིའི་བཀག་སྡོམ་བྱེད་ཐབས་སྤྲད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཚེས9ཉིན་བསྟན་དོན། ཁོངས་གཏོགས་རྒྱལ་ཁབ་སོ་སོར་སྐོར་ཐེངས21པའི་ཨུ་རུ་སིའི་བཀག་སྡོམ་བྱེད་ཐབས་སྤྲད་ཡོད་པ་དང་། གཙོ་བོ་ནུས་ཁུངས་དང་དངུལ་ལོར། ཉ་གསོ་ལས་རིགས་སོགས་ཁྱབ་ཁོངས་ལ་འབྲེལ་ཡོད་ཟེར།

ཧྥུན་ཏི་ལའེ་ཨིན་གྱིས་ཚེས9ཉིན་སྒྲོག་སྤེལ་ཚོགས་འདུའི་སྟེང་སྨྱན་བྱད་ལ་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་མ་བཅོས་རྡོ་སྣུམ་གྱི་རིན་གོང་རང་འགུལ་སྙོམས་སྒྲིག་རྐྱེན་སྲོལ་དེ་སང་ལོའི་ཟླ་དང་པོའི་བར་མཚམས་བཞག་སྟེ། རྡོ་སྣུམ་ཚོང་ར་གཏན་འཇགས་ཡོང་བར་སྒུག་རྒྱུའི་གྲོས་གཞི་བཏོན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་གཞན་ཡང་གྲུ་གཟིངས30བཀག་སྡོམ་མིང་ཐོའི་ནང་འཇོག་རྒྱུ་ཡིན་པ་དང་། ཐོག་དང་པོར་གྲིབ་མའི་གྲུ་གཟིངས་རུ་ཁག་ལ་སྣུམ་ལྡུག་པ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པའི་གྲུ་གཟིངས་ལ་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་མ་ཟད། ཞོར་དུ་ཨུ་རུ་སིར་ནུས་ཁུངས་ཕྱིར་འཚོང་བྱེད་པའི་སྐྱེལ་འདྲེན་གྲུ་གཟིངས་ལ་བཀག་འགོག་བྱེད་པའི་འཆར་གཞི་ཡོད།

དངུལ་ལོར་ཞབས་ཞུ་དང་གསང་བའི་རྒྱུ་ནོར་ཁྱབ་ཁོངས་ནས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉོ་ཚོང་བཀག་རྒྱའི་ཁྱབ་ཁོངས་རྒྱ་བསྐྱེད་དེ། ཨུ་རུ་སིའི་དངུལ་ཁང་མང་བོ་བཀག་སྡོམ་གྱི་གྲས་སུ་འཇོག་རྒྱུ་མ་ཟད། ཐོག་དང་པོར་གསང་བའི་རྒྱུ་ནོར་ཞབས་ཞུ་འདོན་སྤྲོད་བྱེད་པའི་རྒྱལ་ཁབ་གཞན་པར་བཀག་སྡོམ་བཀའ་རྒྱ་འདོན་པའི་གྲོས་གཞི་བཏོན།

ཉོ་ཚོང་ཁྱབ་ཁོངས་ནས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་དམག་དོན་བཟོ་ལས་ལ་མཁོ་བའི་དངོས་པོ་དང་ལག་རྩལ་ཐད་ཕྱིར་གཏོང་བཀག་སྡོམ་བྱེད་རྒྱུ་ཡིན་པ་དང་། གཙོ་བོ་མཁའ་འགྲུལ་དང་འགོག་སྲུང་སོགས་ཁྱབ་ཁོངས་སུ་མཁོ་བའི་ལྕགས་རིགས་དང་འདྲེས་སྦྱོར་ལྕགས་རིགས་སོགས་ལ་ཁེབས་ཡོད་པ་དང་། ཕྱིར་གཏོང་བཀག་སྡོམ་བཀའ་རྒྱ་སྐོར་ཞིག་ཁ་སྣོན་བྱས་ནས་ཡོ་རོབ་གླིང་གིས་ཨུ་རུ་སིའི་ཐོན་རྫས་ལ་བརྟེན་པའི་སྣང་ཚུལ་ཇེ་ཆུང་དུ་གཏོང་རྒྱུའི་འཆར་གཞི་ཡོད།

ཉ་གསོ་ལས་རིགས་ཀྱི་ཁྱབ་ཁོངས་སུ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐོག་དང་པོར་ཨུ་རུ་སིའི་ཉ་གསོ་ལས་རིགས་ལ་ངོ་བོ་རང་བཞིན་ལྡན་པའི་བཀག་སྡོམ་བྱེད་ཐབས་སྤྱད་པ་དང་། ཐོན་རྫས་སྐོར་ཞིག་ལ་ཕྱིར་གཏོང་བཀག་སྡོམ་བཀའ་རྒྱ་ལག་བསྟར་བྱས་ཡོད།

དེ་ལས་གཞན་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐོག་དང་པོར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཛ་དྲག་ཏུ་གྱུར་བའི་ཚུན་ལ་ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ནང་ལས་ཀ་བསྒྲུབ་མྱོང་བའི་མི་སྣ་དག་ཡོ་རོབ་གླིང་མནའ་འབྲེལ་དུ་ཡོང་བར་གཏན་འགོག་བྱས་ཡོད།

ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་ཡོད་ལས་རིམ་ལྟར་ན། སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་དེར་ཁོངས་གཏོགས་རྒྱལ་ཁབ27གྱི་གཅིག་གྱུར་འཐད་པ་བྱུང་རྗེས་ད་གཟོད་ནུས་ལྡན་དུ་འགྱུར་སྲིད།

བསོད་ནམས་ཚེ་རིང་གིས་བསྒྱུར།