
དབྱིན་ཇིའི་ཕྱི་འབྲེལ་པུའུ་ཡིས་ཚེས9ཉིན་གསལ་སྒྲོག་སྤེལ་ཏེ། དབྱིན་ཇི་དང་ཧྥ་རན་སི། ཨོ་སི་ཁྲུ་ལི་ཡཱ། ནེའུ་ཙེ་ལན། ཁཱ་ནཱ་ཏཱ། ནོར་ཝེ་བཅས་རྒྱལ་ཁབ་དྲུག་གིས་མཉམ་དུ་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་འཇབ་རྒོལ་བྱེད་པའི་དྲག་སྤྱོད་ནང་ཞུགས་པའི་ཡིའུ་ཐེ་བའི་གཏན་སྡོད་མཁན་ལ་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱིན་ཇི་ཡིས་ཐེངས་འདིར་འབྲེལ་ཡོད་ཀྱི་དྲག་ཤུགས་བྱ་འགུལ་སྤེལ་བར་མ་དངུལ་གྱི་རོགས་སྐྱོར་བྱས་པའི་ཚོགས་པ་དྲུག་དང་མི་སྒེར་གཅིག་ལ་བཀག་སྡོམ་བྱེད་རྒྱུ་ཡིན་པ་དང་། བཀག་སྡོམ་བྱ་ཡུལ་དེ་དག་གིས་དབྱི་སི་རལ་གྱི་གཏན་སྡོད་མཁན་གྱི་ཞིང་ར་དང་སོ་ལྟ་ཁང་ལ་མ་དངུལ་བསྡུ་བ་དང་ཞལ་འདེབས་མ་དངུལ་སྐྱེལ་བ། ཁང་བ་གཏོར་བཤིག་བྱེད་པ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱིན་ཇི་ཕྱོགས་ཀྱིས་ཐོག་དང་པོར་ཕྱི་རྒྱལ་གྱི་ཚོང་ལས་ཁྲིད་སྟོན་ཁྲོད་ཁེ་ལས་དག་གིས་དབྱི་སི་རལ་བར་དཔལ་འབྱོར་དང་དངུལ་ལོར་གྱི་བྱ་འགུལ་སྤེལ་མི་རུང་བའི་གྲོས་གཞི་གསལ་བོར་བཏོན་ཡོད་པར་མ་ཟད། དབྱིན་ཇིའི་སྒོར་མོ་ས་ཡ་གཅིག་བཀོལ་ནས་ཅཱ་ཧྲའི་མི་ཆོས་རིང་ལུགས་ཀྱི་ས་འོག་འགད་རྫས་གཙང་བཤེར་བྱ་བའི་ཐད་བཀོལ་རྒྱུ་ཡིན་ལ། 2026ལོར་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ལ་ཉུང་མཐར་ཡང་དབྱིན་ཇིའི་སྒོར་མོ་བྱེ་བ་གཅིག་གི་ནོར་སྲིད་དང་ལག་རྩལ་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཧྥ་རན་སི་དང་ཁཱ་ནཱ་ཏཱ། ནོར་ཝེ་བཅས་ཀྱིས་ཉིན་ཉིན་དེར་དབྱིན་ཇི་དང་མཉམ་དུ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱས། ཨོ་སི་ཁྲུ་ལི་ཡཱ་དང་ནེའུ་ཙེ་ལན་གྱིས་གཟའ་འཁོར་སྔོན་མར་འབྲེལ་ཡོད་ཀྱི་བཀག་སྡོམ་བྱེད་ཐབས་ཁྱབ་བསྒྲགས་བྱས་པ་རེད།
ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་པཱ་ལོ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་ཁྱབ་བསྒྲགས་བྱས་དོན། ཧྥ་རན་སི་ཡིས་དབྱི་སི་རལ་གྱི་ནོར་སྲིད་བློན་ཆེན་སི་མའོ་ཐི་ལི་ཧི་དང་ཡིའུ་ཐེ་བའི་གཏན་སྡོད་མཁན་གྱི་རྩ་འཛུགས་འགན་ཁུར་བ་བཞི། དྲག་ཤུགས་བྱ་འགུལ་ལ་ཞུགས་པའི་གཏན་སྡོད་མཁན21བཅས་རང་གི་མངའ་ཁོངས་སུ་ཡོང་བ་གཏན་འགོག་བྱེད་རྒྱུ་ཡིན་ཟེར།
པཱ་ལོ་ཡིས་བསྟན་དོན། སི་མའོ་ཐི་ལི་ཧི་ཡིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ཁུལ་བསྡུ་བྱས་པ་དང་། ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་གཏན་སྡོད་བྱེད་ས་གསར་བ་ལས་པ་དང་ཅཱ་ཧྲ་ས་ཁུལ་གྱི་གཏན་སྡོད་བྱ་འགུལ་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་པར་མ་ཟད། ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་དཔལ་འབྱོར་རྨང་གཞི་ཇེ་ཞན་དུ་བཏང་སྟེ། ཕཱ་ལེ་སི་ཐན་གྱི་མི་དམངས་ལ་ཆགས་འཇིག་རང་བཞིན་གྱི་མཇུག་འབྲས་བཟོས་པ་དེ་དང་ལེན་བྱེད་ཐབས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།