
ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས9ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་དབྱི་ལིང་ལ་ཆམ་ཕབ་བཏང་སྟེ། ཨ་མེ་རི་ཁའི་ཨ་ཕ་ཆི་རྟགས་ཅན་གྱི་དྲག་ཆས་གྱེན་འཕུར་གནམ་གྲུ་ཞིག་དབྱི་ལིང་གིས་སར་འཕངས་པའི་དོན་རྐྱེན་ཐད་ནས་འཁོན་ལན་སློག དབྱི་ལིང་སྨྱན་བྱད་ཀྱིས་དེའི་རྗེས་སུ་བསྒྲགས་པ་ལྟར་ན། དབྱི་ལིང་ལྷོ་ཕྱོགས་ཀྱི་ཧའོ་ཨར་མུའུ་ཙི་ཀན་ཞིང་ཆེན་གྱི་ས་ཁུལ་མང་བོ་ནས་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་བཞིན་ཡོད་ཟེར།
ཨ་མེ་རི་ཁའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་གིས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས9ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་ནས་བཟུང་དབྱི་ལིང་ལ་རང་སྲུང་རང་བཞིན་གྱི་ཆམ་ཕབ་བཏང་བ་དང་། ཐེངས་འདིའི་འགུལ་སྐྱོད་ནི་དབྱི་ལིང་གི་དཔུང་འཇུག་བྱ་སྤྱོད་ལ་རྒོལ་ལན་འོས་འཚམ་སྤྲད་པ་ཡིན་ཟེར་ཡང་། ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་ལིང་ཆམ་ཕབ་བཏང་བའི་བྱེ་བྲག་གི་ནང་དོན་གསལ་བོར་བསྒྲགས་མེད།
ཨ་མེ་རི་ཁའི་དམག་དཔུང་གིས་གནས་ཚུལ་སྤེལ་ནས་ཅང་མ་འགོར་བར། དབྱི་ལིང་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཧའོ་ཨར་མུའུ་ཙི་ཀན་ཞིང་ཆེན་ཤར་ངོས་ཀྱི་ཞེ་ལི་ཁི་དང་མུས་ནཱ་པུའུ་སོགས་ས་ཁུལ་ནས་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་ཀྱང་། འགས་གཏོར་བྱུང་སའི་གནས་དེ་གསལ་བོར་མི་ཤེས་ཟེར།
ཉིན་དེའི་སྔ་དྲོར། ཐི་ལིང་ཕུའུ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གི་ཨ་ཕཱ་ཆི་རྟགས་ཅན་གྱི་དྲག་ཆས་གྱེན་འཕུར་གནམ་གྲུ་ཞིག་ཚེས8ཉིན་གྱི་དགོང་མོར་ཧའོ་ཨར་མུའུ་ཙི་མཚོ་འགག་ནས་དབྱི་ལིང་གིས་སར་འཕངས་པ་དང་། ཨ་མེ་རི་ཁས་ངེས་པར་དུ་ཐེངས་འདིའི་འཇབ་རྒོལ་ལ་རྒོལ་ལན་སྤྲོད་དགོས་ཟེར། ཨ་མེ་རི་ཁའི་སྨྱན་བྱད་མང་བོས་བསྒྲགས་པ་ལྟར་ན། དྲག་ཆས་གྱེན་འཕུར་གནམ་གྲུ་དེ་ནི་དབྱི་ལིང་གི་མི་མེད་གནམ་གྲུ་ཞིག་གིས་སར་འཕངས་པ་ཡིན་ཡང་། མིག་སྔར་ད་རུང་འཇབ་རྒོལ་དེ་བསམ་བཞིན་སྤེལ་བ་ཡིན་མིན་གསལ་བོར་མི་ཤེས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།