ཁོ་སི་ཐཱ་རེ་ཁཱས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཁོ་སི་ཐཱ་རེ་ཁཱའི་ཕྱི་འབྲེལ་བློན་ཆེན་ཐའོ་ཝ་ཨར་གྱིས་ཚེས9ཉིན་བསྟན་དོན། ཁོ་སི་ཐཱ་རེ་ཁཱ་ཡིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་ཅིང་། མུ་མཐུད་དུ་འཕེལ་རྒྱས་དང་གསར་གཏོད། ཉོ་ཚོང་། མི་དམངས་བློ་སེམས་གཅིག་མཐུན་ཡོང་བ་དམིགས་ཡུལ་དུ་བྱས་པའི་ཕྱོགས་གཉིས་ཀྱི་མཉམ་ལས་གྲོས་རིམ་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཁོ་སི་ཐཱ་རེ་ཁཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས9ཉིན་ཁོ་སི་ཐཱ་རེ་ཁཱའི་རྒྱལ་ས་ཧྲིན་ཧི་སེ་ནས་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཀྲུང་གོ་དང་ཁོ་སི་ཐཱ་རེ་ཁཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ19འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས། ཁོ་སི་ཐཱ་རེ་ཁཱའི་སྲིད་གཞུང་དཔོན་རིགས་དང་སྤྱི་ཚོགས་ལས་རིགས་སོ་སོའི་འཐུས་མི་བྱ་འགུལ་ལ་ཞུགས། ཐའོ་ཝ་ཨར་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཁོ་སི་ཐཱ་རེ་ཁཱ་ནི་དུས་རབས་གསར་བའི་ནང་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་མེ་གླིང་དབུས་མའི་རྒྱལ་ཁབ་ཐོག་མ་ཡིན་པ་དང་། ཁོ་སི་ཐཱ་རེ་ཁཱ་དང་ཀྲུང་གོའི་རང་དབང་ཉོ་ཚོང་གྲོས་ཆོད་ལག་བསྟར་བྱས་པ་ལས་སྔར་ལས་མང་བའི་ཁོ་སི་ཐཱ་རེ་ཁཱའི་ཐོན་རྫས་སྤུས་ལེགས་ཀྲུང་གོའི་ཚོང་རར་ཞུགས་པ་དང་། ཁོ་སི་ཐཱ་རེ་ཁཱ་དང་ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་གཉིས་ཕན་མཉམ་ལས་དང་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

ཁོ་སི་ཐཱ་རེ་ཁཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཞའོ་ཡའོ་ཡིས་བསྟན་དོན། ཀྲུང་གོ་དང་ཁོ་སི་ཐཱ་རེ་ཁཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ19འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོ་སི་ཐཱ་རེ་ཁཱ་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་ལ་ཤུགས་སྣོན་དང་རྨང་གཞིའི་སྒྲིག་ཆས་དང་སློབ་གསོ། འཕྲོད་བསྟེན། ཚན་རྩལ་གསར་གཏོད། དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

བྱ་འགུལ་སྤེལ་བའི་སྐབས་སུ་ད་རུང་ཁོ་སི་ཐཱ་རེ་ཁཱ་རྒྱལ་ཁབ་ལུས་རྩལ་ར་བའི་འཛུགས་སྐྲུན་གྱི་དངོས་བྲིས་བརྙན་ཕབ་འགྲེམ་སྟོན་དང་། ཀྲུང་གོའི་ནུས་ཁུངས་གསར་བའི་རླངས་འཁོར་འགྲེམ་སྟོན། དེ་མིན་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་མཉམ་འབྲེལ་འགྲེམ་སྟོན་བཅས་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་མངོན་པར་བྱས།

ཁོ་སི་ཐཱ་རེ་ཁཱའི་སྔོན་ཆད་ཀྱི་སྲིད་འཛིན་ཧྥེ་ཀི་ལོས་སི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཀྲུང་གོས་དག་གཙང་ནུས་ཁུངས་དང་ལྷད་མེད་འཕེལ་རྒྱས་ཁྱབ་ཁོངས་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་ལ། ཁོ་སི་ཐཱ་རེ་ཁཱ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་དེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཕན་པར་མ་ཟད། ཕྱོགས་གཉིས་ཀྱིས་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་སུ་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བར་ཡང་ཕན་ཐོགས་ཡོད་ཟེར།

ཁོ་སི་ཐཱ་རེ་ཁཱའི་སྔོན་ཆད་ཀྱི་ཁྲིམས་འཛུགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨ་ལི་ཡཱ་སི་ཡིས་བསྟན་དོན། རྒྱལ་ཁབ་ལུས་རྩལ་ར་བ་སོགས་མཉམ་ལས་ལས་གཞི་ལས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་གྲུབ་འབྲས་མངོན་པར་མཚོན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ནས་མཉམ་ལས་མང་དུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

བསོད་ནམས་ཚེ་རིང་གིས་བསྒྱུར།