
ཀི་ལུའུ་ཅི་ཡཱའི་ཙུང་ལི་ཁི་པཱ་ཞི་ཙེ་ཡིས་ཚེས9ཉིན་བཤད་རྒྱུར། ཀི་ལུའུ་ཅི་ཡཱ་དང་ཀྲུང་གོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་བྱུང་ཡོད་ལ། དེ་ལས་ཕྱོགས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཐུབ་པར་མ་ཟད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ཟེར།
ཀྲུང་གོ་དང་ཀི་ལུའུ་ཅི་ཡཱ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཚེས9ཉིན་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ34འགོར་བའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བར་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་བྱུང་བ་མཉམ་དུ་ཁྱབ་བསྒྲགས་བྱས།
ཁི་པཱ་ཞི་ཙེ་ཡིས་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཀི་ལུའུ་ཅི་ཡཱ་དང་ཀྲུང་གོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་བྱུང་བ་དེ་གལ་འགངས་ཧ་ཅང་ཆེ་བ་དང་། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དེ་ལེའུ་གསར་བ་ཞིག་ཏུ་བསླེབས་པ་མཚོན་ཡོད་ཟེར།
ཁོས་བཤད་རྒྱུར། འདས་པའི་ལོ་གསུམ་རིང་། ཀི་ལུའུ་ཅི་ཡཱ་དང་ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་འབྲེལ་བར་ཤུགས་སྣོན་མངོན་གསལ་ཐོབ་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་ལམ་ཡིག་མེད་པར་བཏང་བ་དང་ཐད་གཏོང་གནམ་གྲུ་བཏང་། ད་ལོར་གནམ་གྲུའི་ལམ་ཐིག་གསར་བ་ཁ་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་སྣའི་འགྲོ་འོང་ཐད་སྔར་ལས་སྟབས་བདེ་བཟོས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།