རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱིས་ཨ་མེ་རི་ཁའི་དམག་དཔུང་གིས་སྣུམ་འདྲུད་གྲུ་གཟིངས་ལ་འཇབ་རྒོལ་བྱས་ཏེ་གྲུ་བ་གསུམ་གར་སོང་མེད་པར་གྱུར་བར་རྒོལ་གཏམ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཏའོ་མེན་ཀི་སི་ཡིས་ཚེས10ཉིན་ཨ་མེ་རི་ཁའི་དམག་དཔུང་གིས་ཧའོ་ཨར་མུའུ་ཙི་མཚོ་འགག་ཉེ་འདབས་སུ་སྣུམ་འདྲུད་གྲུ་གཟིངས་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། དོན་རྐྱེན་དེ་ལས་སྣུམ་འདྲུད་གྲུ་གཟིངས་གཅིག་ལ་མེ་སྐྱོན་བྱུང་ཡོད་ལ། གྲུ་བ་གསུམ་གར་སོང་རྙེད་མེད་ཟེར།

རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕཱ་ལའོ་ཡི་རྒྱལ་དར་བཀལ་བའི་སྣུམ་འདྲུད་གྲུ་གཟིངས་ཤིག་ལ་ཨ་མན་མཚོ་ཁུགས་ནས་འཇབ་རྒོལ་ཐེབས་རྗེས་མེ་སྐྱོན་བྱུང་། གསལ་སྒྲོག་ལས་བཤད་རྒྱུར། ཏའོ་མེན་ཀི་སི་ཡིས་དོན་རྐྱེན་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པས་རྒོལ་གཏམ་དྲག་པོ་བཏང་། ཁོས་གྲུ་བའི་ཚེ་སྲོག་དང་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་བྱ་སྤྱོད་གང་ཡིན་ཡང་དང་ལེན་གཏན་ནས་བྱེད་ཐབས་མེད་ཟེར།

ཨ་མེ་རི་ཁའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས9ཉིན་གྱི་དགོང་མོར་ཨ་མན་མཚོ་ཁུགས་ནས་གོང་སྨྲས་ཀྱི་སྣུམ་འདྲུད་གྲུ་གཟིངས་དེར་འགུལ་སྐྱོད་སྤེལ་བ་ཁས་ལེན་བྱས། དེ་ནི་ཨ་མེ་རི་ཁའི་དམག་དཔུང་གིས་བསྟུད་མར་ཉིན་གཉིས་ལ་ཨ་མེ་རི་ཁའི་དབྱི་ལིང་གྲུ་ཁའི་བཀག་སྡོམ་བཀའ་རྒྱར་འགལ་བའི་གྲུ་གཟིངས་ལ་འཇབ་རྒོལ་བྱས་པ་རེད།

ཏའོ་མེན་ཀི་སི་ཡིས་བསྟན་དོན། གྲུ་བ་དང་དམངས་སྤྱོད་གྲུ་གཟིངས་ཀྱི་བདེ་འཇགས། རང་དབང་འགྲུལ་བཞུད་བཅས་ལ་ཐོག་མཐའ་བར་གསུམ་དུ་འགན་སྲུང་ཐོབ་དགོས་པ་དང་། རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ལ་ཤུགས་རྐྱེན་བཟོ་བའི་འགུལ་སྐྱོད་གང་ཡིན་ཡང་ངེས་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཚོ་ཐོག་ཚེ་སྲོག་བདེ་འཇགས་ཀྱི་རྩ་དོན་བརྩི་སྲུང་བྱེད་དགོས། རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱིས་དོན་རྐྱེན་དེར་ཕྱོགས་ཡོངས་ནས་རྟོག་ཞིབ་གསལ་བོ་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།