དབྱི་སི་རལ་གྱི་སྲིད་འཛིན་གྱིས་ལེ་པཱ་ནུན་གྱིས་ཀྲིན་ཀྲུའུ་ཏང་དང་དབྱི་ལིང་གི་ཤུགས་རྐྱེན་མེད་པར་བྱེད་དགོས་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་སི་རལ་གྱི་སྲིད་འཛིན་ཧི་ཨར་ཙོ་ཀི་ཡིས་ཚེས10ཉིན་བསྟན་དོན། དབྱི་སི་རལ་དང་ལེ་པཱ་ནུན་བར་ཞི་བདེ་མངོན་འགྱུར་བྱེད་པར་རེ་བཞིན་ཡོད་ཀྱང་། ལེ་པཱ་ནུན་ཕྱོགས་ཀྱིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་དང་དབྱི་ལིང་གི་ཤུགས་རྐྱེན་མི་ཐེབས་པར་བྱེད་པའི་འགན་འཁྲི་ཡོད་ཟེར།

ཧི་ཨར་ཙོ་ཀི་ཡིས་ཉིན་དེར་དབྱི་སི་རལ་བྱང་ངོས་ཀྱི་མཐའ་མཚམས་ས་ཁུལ་དུ་རྟོག་ཞིབ་བྱེད་སྐབས་སྨྱན་བྱད་ལ་བརྙན་རིས་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་འགལ་བའི་བྱ་སྤྱོད་སྤེལ་བ་དང་། དབྱི་སི་རལ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་དམིགས་པའི་འཇབ་རྒོལ་དང་རྒྱལ་མཚམས་བརྒལ་བའི་འཇབ་རྒོལ། འཇིགས་སྐུལ་འཇབ་རྒོལ་གང་ཡིན་ཡང་དང་ལེན་བྱེད་ཐབས་མེད་ཟེར། ཁོས་ད་རུང་བསྟན་དོན། དབྱི་སི་རལ་གྱི་བདེ་འཇགས་ལ་འགན་སྲུང་ཐུབ་པའི་བཀོད་སྒྲིག་གསལ་བོ་མེད་ན། དབྱི་སི་རལ་དང་ལེ་པཱ་ནུན་ཕྱོགས་གཉིས་ཀྱིས་འབྲེལ་བ་སྔར་ལས་ཇེ་ལེགས་སུ་གཏོང་བར་དཀའ་ཁག་ཡོད་ཟེར།

ཉེ་སྔོན་ཨ་མེ་རི་ཁའི་བར་འདུམ་འོག དབྱི་སི་རལ་དང་ལེ་པཱ་ནུན་གྱིས་མཐའ་མཚམས་བདེ་འཇགས་སོགས་གནད་དོན་ཐད་ནས་ཐད་ཀར་ཞི་བའི་གྲོས་མོལ་སྤེལ་ཡང་། ཕྱོགས་གཉིས་བར་ཀྲིན་ཀྲུའུ་ཏང་གི་དྲག་ཆས་གནད་དོན་དང་འཁྲུག་རྩོད་མཚམས་འཇོག་པའི་བཀོད་སྒྲིག་སོགས་ལ་སྔར་བཞིན་འགལ་བ་ཆེན་པོ་གནས་ཡོད།

བསོད་ནམས་ཚེ་རིང་གིས་བསྒྱུར།