
ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས10ཉིན་བསྟན་དོན། ཕཱ་ཁི་སི་ཐན་སྐམ་དམག་མཁའ་སྐྱོད་དམག་དཔུང་གི་གྱེན་འཕུར་གནམ་གྲུ་ཞིག་ཉིན་དེར་ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་གྱི་མུའུ་ཀྲ་ཧྥ་ལཱ་པཱ་ཏི་ཉེ་འདབས་སུ་འཕུར་སྐབས་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་མི་ཚང་མ་རྐྱེན་ལམ་དུ་ཤོར་ཟེར།
ཕཱ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཅུས་ཀྱིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། གྱེན་འཕུར་གནམ་གྲུ་དེ་ལག་རྩལ་ཆག་སྐྱོན་དབང་གིས་སར་ལྷུང་བ་ཡིན་ལ། སྲོག་ཉེན་ལས་ཐར་བའི་མི་གཅིག་ཀྱང་མེད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དོན་རྐྱེན་བྱུང་རྗེས། རྒུད་སྐྱོབ་རུ་ཁག་མྱུར་མོར་ཡུལ་དངོས་སུ་འབྱོར། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་རྟོག་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་ནས་ཐེངས་འདིའི་དོན་རྐྱེན་གྱི་བྱེ་བྲག་གི་འབྱུང་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱེད་རྒྱུ་རེད་ཟེར།
མིག་སྔར་ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ད་རུང་གནམ་གྲུའི་སྟེང་གི་མི་སྣའི་ཁ་གྲངས་སོགས་གནས་ཚུལ་ཞིབ་མོ་གསལ་བོར་བསྒྲགས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།