
ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི.ཁ་ནེ་ཨར་གྱིས་ཚེས12ཉིན་ཨ་རིས་ཁུ་པའི་རྡོ་སྣུམ་བཀག་སྡོམ་བྱེད་ཚད་སྔར་ལས་ཇེ་དམ་དུ་བཏང་བར་རྒོལ་གཏམ་བཏང་བ་དང་། ཨ་རི་ཕྱོགས་ཀྱི་བྱ་སྤྱོད་ལ“མཐའ་ཚད་ཅི་ཡང་མེད”ཅེས་སྐྱོན་འཛུགས་བྱས།
ཏི་ཡ་སི.ཁ་ནེ་ཨར་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་བསྟན་དོན། ཨ་རིས་རྒྱལ་ཁབ་གཞན་པས་ཁུ་པར་འབར་རྫས་མཁོ་འདོན་བྱེད་རྒྱུ་བཀག་སྡོམ་བྱས་རྗེས། ཡང་བསྐྱར་བཀག་སྡོམ་གྱི་མདུང་རྩེ་ཁུ་པའི་རྒྱལ་ཁབ་རྡོ་སྣུམ་ཀུང་སིར་གཏད་ནས་ཀུང་སི་དེའི་བར་ཉོ་ཚོང་བྱེད་མཁན་གྱི་ཕྱོགས་སོ་སོར་འཇིགས་སྐུལ་བྱས། ཁོས་བསྟན་དོན། ཨ་རིས་ཁུངས་ལུང་མེད་པའི་ཁ་གཡོར་ས་སྤྱད་དེ་ནག་ཉེས་དག་འབུད་བྱེད་རྩིས་ཡོད་པ་དང་། དེའི་དམིགས་ཡུལ་ངོ་མ་ནི་ཁུ་པའི་མི་དམངས་བཀག་སྡོམ་བྱས་ནས་ལྟོགས་སྐོམ་དང་ནད་ཡམས་ཀྱི་མདུན་དུ་མགོ་སྒུར་དུ་འཇུག་འདོད་པ་དེ་རེད།
ཉིན་དེར། ཁུ་པའི་ཕྱི་འབྲེལ་དཔོན་ལུའོ་ཏི་ལི་ཀི་སི་ཡིས་ཀྱང་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཨ་རིས་ཁུ་པར་རྡོ་སྣུམ་བཀག་སྡོམ་བྱས་པ་དེས་ཁུ་པའི་བཟའ་བཏུང་དང་སྨན་རྫས་མཁོ་སྤྲོད་ལ་ཐད་ཀར་ཤུགས་རྐྱེན་བཟོས་ཡོད་པ་དང་། ཁུ་པ་མི་དམངས་ཡོངས་ཀྱིས་ཆད་གཅོད་མྱོང་བཞིན་ཡོད། ཨ་རིས་སྲིད་ཇུས་དེ་ཡོངས་བསྒྲགས་བྱས་པའི་དམིགས་ཡུལ་ནི་ཁུ་པ་སྤྱི་ཚོགས་ལ་ཟིང་ཆ་སློང་རྒྱུ་དེ་ཡིན་ཟེར།
ཨ་རིའི་རྒྱལ་སྲིད་བློན་ཆེན་ལུའུ་པེ་ཨོ་ཡིས་ཚེས11ཉིན་ཁུ་པའི་རྒྱལ་ཁབ་རྡོ་སྣུམ་ཀུང་སིར་བཀག་སྡོམ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
ཨ་རིས་དུས་ཡུན་རིང་བོར་ཁུ་པར་དཔལ་འབྱོར་དང་དངུལ་རྩ། ཉོ་ཚོང་སོགས་ཀྱི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས། ད་ལོར་ཡང་སྔ་རྗེས་སུ་ཝེ་ནེ་ཙུའེ་ལ་དང་དབྱི་ལང་ལ་དམག་དོན་འགུལ་སྐྱོད་སྤེལ་རྗེས། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཡང་བསྐྱར་ཁུ་པར“རྗེས་མ་ཁུ་པ་ཡིན”ཞེས་འཇིགས་སྐུལ་བྱས་པར་མ་ཟད། ཁུ་པར་གནོན་ཤུགས་སྤྲོད་ཚད་སྔར་ལས་ཆེ་རུ་བཏང་སྟེ་རྡོ་སྣུམ་བཀག་སྡོམ་ལག་བསྟར་བྱས་པ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།