
དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅ་ཨའེ་ཡིས་ཚེས13ཉིན་བཤད་རྒྱུར། དབྱི་ལིང་དང་ཨ་མེ་རི་ཁའི་བར་གྱི་དགོངས་དག་ཞུ་བའི་རྣམ་པ་གང་ཞིག་ཡིན་རུང་ཚང་མ་ཕྱོགས་གཉིས་བར་མུ་མཐུད་སྐད་ཆ་ཤོད་རེས་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་ལས་མཐའ་མའི་གྲོས་མཐུན་མིན་ལ། བཀག་རྒྱ་གློད་པའི་དབྱི་ལིང་གི་རྒྱུ་ནོར་བཀག་འཇོག་བྱ་རྒྱུ་དེ་ནི་དབྱི་ལིང་དང་ཨ་རིའི་དགོངས་དག་ཞུ་བའི་ཐད་མེད་དུ་མི་རུང་བའི་ཆ་ཤས་ཤིག་རེད།
དབྱི་ལིང་གི་སློབ་མའི་འཕྲིན་སྐྱེལ་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། པཱ་ཅ་ཨའེ་ཡིས་སྨྱན་སྦྱོར་མི་སྣ་དང་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། དབྱི་ལིང་གི་མིག་སྔའི་དོ་ཁུར་གྱི་གཙོ་གནད་ནི་འཐབ་ཕྱོགས་ཚང་མའི་གཡུལ་དོན་དང་ས་ཁུལ་གྱི་ཛ་དྲག་གནས་བབ་མཇུག་སྒྲིལ་རྒྱུ་དེ་ཡིན་པ་ལས། ད་ལྟའི་དུས་མཚམས་སུ་ཉིང་རྡུལ་གནད་དོན་གྱི་ཞིབ་ཕྲའི་གནས་ཚུལ་ལ་གྲོས་བསྡུར་གཏིང་ཟབ་བྱ་རྒྱུ་དེ་མ་རེད། ཁོས་བཤད་རྒྱུར། ས་ཁུལ་བདེ་འཇགས་ཀྱི་ཐབས་ལམ་ཉག་ཅིག་ནི་ཕྱི་རྒྱལ་གྱི་དམག་དོན་སྟོབས་ཤུགས་གནས་དེ་ནས་མཚམས་འཇོག་རྒྱུ་དེ་རེད་ཟེར།
པཱ་ཅ་ཨའེ་ཡིས་ནན་གྱིས་བསྟན་དོན། དབྱི་ལིང་གི་རྒྱུ་ནོར་གྱི་བཀག་རྒྱ་གློད་རྒྱུ་ནི་དགོངས་དག་ཞུ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ད་ལྟའི་དུས་མཚམས་སུ་གྲོས་བསྡུར་བྱེད་པའི་གྲོས་གཞིའི་ནང་ད་དུང་ཨ་མེ་རི་ཁས་དབྱི་ལིང་གི་གྲུ་གཟིངས་ལ་དམིགས་པའི་དགྲར་འཛིན་བྱ་སྤྱོད་དང་ཧོ་ཨར་མུའུ་ཙི་མཚོ་འགག་གི་འབྲེལ་ཡོད་གནད་དོན་ཚུད་ཡོད་ཟེར།
པཱ་ཅ་ཨའེ་ཡིས་བཤད་རྒྱུར། དབྱི་ལིང་གིས་གྲོས་མོལ་དང་ཕྱི་འབྲེལ་འཕེལ་རིམ་གྱི་དུས་ལ་སྐུལ་འདེད་གཏོང་སྐབས་གཟབ་ནན་གྱི་རྣམ་འགྱུར་མཐོ་ཤོས་ཐོག་ནས་བྱ་སྤྱོད་སྤེལ་རྒྱུ་དང་། དུས་མཚུངས་སུ། དེ་སྔའི་ཉམས་མྱོང་ལ་གཞིགས་ནས་དོགས་ཟོན་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཟེར། གལ་སྲིད་ཕ་རོལ་ཕྱོགས་ཀྱིས་འོས་འགན་མི་སྒྲུབ་ཚེ་དབྱི་ལིང་གིས་ངོ་རྒོལ་གྱི་བྱེད་ཐབས་སྤྱོད་ཆོག་ཟེར།
ཤ་བོ་རིན་མཚོས་བསྒྱུར།