ཙེ་ལིན་སི་ཅི་དང་ཐི་ལིང་ཕུའུ་གཉིས་ཀྱིས་ཁ་པར་བརྒྱུད་དེ་ཝུའུ་ཁི་ལན་གྱི་ཞི་བདེ་མངོན་འགྱུར་བྱེད་པའི་བྱེད་ཐབས་ལ་གྲོས་བསྡུར་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས14ཉིན་གྱི་དགོང་མོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོས་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་ཞི་བདེ་མངོན་འགྱུར་བྱེད་པ་སོགས་ཀྱི་གནད་དོན་ཐད་ནས་གྲོས་བསྡུར་ཞིབ་མོ་བྱས་ཟེར།

ཙེ་ལིན་སི་ཅི་ཡིས་བསྟན་དོན། ཁོ་དང་ཐི་ལིང་ཕུའུ་གཉིས་ཀྱིས་མིག་སྔར་ཞི་བདེ་མངོན་འགྱུར་བྱེད་པར་ཕན་པའི་བྱེད་ཐབས་ལ་གྲོས་བསྡུར་བྱས་པར་མ་ཟད། ཐི་ལིང་ཕུའུ་ལ་གཡུལ་སའི་གནས་ཚུལ་གསར་བ་མཚམས་སྦྱོར་བྱས་པ་དང་། ཕྱོགས་གཉིས་ཀྱིས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་སྐབས་སུ་འབྲེལ་ཡོད་གནད་དོན་ལ་ཞིབ་ཏུ་གྲོས་བསྡུར་བྱེད་པར་འཐད་པ་བྱུང་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།