ཕུའུ་ཅིན་དང་ཐི་ལིང་ཕུའུ་གཉིས་ཀྱིས་ཁ་པར་བརྒྱུད་དེ་དབྱི་ལིང་གི་གནས་བབ་དང་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་གྲོས་བསྡུར་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་སྲིད་འཛིན་གྱི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས14ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་གཉིས་ཀྱིས་ཉིན་དེར་ཁ་པར་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་དབྱི་ལིང་གི་གནས་བབ། ཝུའུ་ཁི་ལན་གྱི་ཉམས་ཉེན་བཅས་འདུས་པའི་རྒྱལ་སྤྱིའི་གནད་དོན་ཐད་ནས་བརྗེ་རེས་བྱས་ཟེར།

ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་སྐར་མ55རིང་ལ་གྲོས་མོལ་བྱས། ཐི་ལིང་ཕུའུ་ཡིས་ཕུའུ་ཅིན་ལ་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་ལིང་བར་གྱི་གྲོས་མཐུན་དེ་འགོད་ལ་ཉེ་བ་དང་། གྲོས་མོལ་གྱི་བརྒྱུད་རིམ་རྙོག་འཛིང་ཆེ་ཡང་ཕཱ་ཁི་སི་ཐན་དང་ཁཱ་ཐར་གྱི་བར་འདུམ་འོག དང་ལེན་བྱེད་ཐུབ་པའི་མཇུག་འབྲས་ཐོབ་ཡོད་ལ། གྲུབ་འབྲས་དེ་ཉིན་དེར་ཁྱབ་བསྒྲགས་ཐུབ་པའི་རེ་བ་ཡོད་ཟེར། ཐི་ལིང་ཕུའུ་ཡིས་ཨུ་རུ་སི་འཛུགས་སྐྲུན་རང་བཞིན་ལྡན་པའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པའི་ནང་ཞུགས་པའི་གྲོས་གཞིར་བཀའ་དྲིན་ཞུས། ཕུའུ་ཅིན་གྱིས་བསྟན་དོན། ཨ་མེ་རི་ཁ་དང་དབྱི་ལིང་གི་འཁྲུག་རྩོད་ལས་ས་ཁུལ་ཧྲིལ་བོ་དང་ཐ་ན་དེ་ལས་རྒྱ་ཆེ་བའི་ས་ཁོངས་ལ་ཤུགས་རྐྱེན་ཐེབས་སྲིད་པས། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་གནས་བབ་གཏན་འཇགས་དང་འབྲེལ་ཡོད་གནད་དོན་གྱི་ཐག་གཅོད་ཐད་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

ཝུའུ་ཧྲ་ཁི་ཧྥུའུ་ཡིས་མཚམས་སྦྱོར་བྱས་དོན། ཐི་ལིང་ཕུའུ་ཡི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་ཐི་ལིང་ཕུའུ་ཚང་གི་མག་པ་ཁུའུ་ཧྲི་ནཱ་གཉིས་ཀྱིས་ཉེ་སྔོན་མའོ་སི་ཁོ་རུ་འཚམས་འདྲི་བྱས། ཕུའུ་ཅིན་གྱིས་ཁ་པར་གཏོང་སྐབས་བསྟན་དོན། ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་དམངས་བཀོལ་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་དེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་མེད་ཅིང་། ཡོ་རོབ་གླིང་དང་ཝུའུ་ཁི་ལན་གྱིས་འཐབ་འཁྲུག་མུ་མཐུད་དུ་སྤེལ་རྩིས་ཡོད་ཟེར། ཐི་ལིང་ཕུའུ་ཡིས་ངེས་པར་དུ་འབྲེལ་ཡོད་ཀྱི་དམག་དོན་འགུལ་སྐྱོད་མཇུག་སྒྲིལ་དགོས་པ་ནན་བཤད་བྱས། ཁོས་ཡོ་རོབ་གླིང་གི་གྲོགས་པོ་དང་ཝུའུ་ཁི་ལན་ལ་གནོན་ཤུགས་སྟེར་རྒྱུ་ཡིན་ལ། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་སྐབས་སུ་གནོན་ཤུགས་སྟེར་རྒྱུ་ཡིན་ཟེར། ཐི་ལིང་ཕུའུ་ཡིས་བལྟས་ན། གལ་ཏེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཐབ་འཁྲུག་དེ་མྱུར་མོར་མཇུག་སྒྲིལ་ན། ཨ་མེ་རི་ཁ་དང་ཨུ་རུ་སིའི་བར་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་གསར་བ་འཛུགས་ཐུབ་པའི་རེ་བ་ཡོད་པར་འདོད།

བསོད་ནམས་ཚེ་རིང་གིས་བསྒྱུར།