རི་ནེ་ཝ་ནས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་ལ་དམིགས་པའི་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱ་འགུལ་ཚེས14ཉིན་གྱི་ཕྱི་དྲོར་སུའེ་ཙེར་གྱི་རི་ནེ་ཝ་གྲོང་ཁུལ་དུ་སྤེལ་བ་དང་། གསར་འགོད་པས་ཡུལ་དངོས་ནས་མཐོང་བ་ལྟར་ན། མི་སྟོང་ཕྲག་ལྷག་བྱ་འགུལ་དེར་ཞུགས་ཡོད།

བྱ་འགུལ་དེ་ནི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ལ་ངོ་རྒོལ་བྱེད་པའི་མནའ་འབྲེལ་གྱིས་སྤེལ་བ་ཡིན་ཞིང་། ཧྥ་ཞི་སི་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པ། མི་དམངས་ལ་དམིགས་པའི་འཐབ་འཁྲུག་ལ་ངོ་རྒོལ་བྱེད་པ། མ་རྩ་རིང་ལུགས་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་འབོད་སྐུལ་བཏང་ཡོད། རྩ་འཛུགས་ཕྱོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ལ་ངོ་རྒོལ་བྱེད་པའི་མནའ་འབྲེལ་དེ་མཐུན་ཚོགས་དང་བཟོ་ཚོགས། གཡོན་ཕྱོགས་ཚོགས་ཁག་བཅས་དྲུག་ཅུ་ལྷག་གིས་གྲུབ་ཡོད་ལ། ཚོད་དཔག་བྱས་ན་ཉིན་དེའི་ཁྲོམ་སྐོར་བྱ་འགུལ་དེ་དགོང་མོའི་བར་དུ་སྤེལ་བ་རེད། གསར་འགོད་པས་གསར་འགྱུར་སྤེལ་རག་བར་དུ། ཁྲོམ་སྐོར་བྱེད་པའི་རུ་དཔུང་དེ་ཉེན་རྟོག་པའི་ཁྲིད་སྟོན་འོག་ཞི་བའི་སྒོ་ནས་སྤེལ་ཡང་། ངོ་རྒོལ་བྱ་འགུལ་དེ་ལས་སྔར་བཞིན་རླངས་འཁོར་སྐོར་ཞིག་ལ་གཏོར་བརླག་བཏང་བར་མ་ཟད་དངུལ་ཁང་གཅིག་གི་སྒོ་གཏོར་བའི་གནས་ཚུལ་བྱུང་ཡོད་ལ། རི་ནེ་ཝ་ཡི་སྲང་ལམ་དུ་ཉེན་བརྡ་བར་མེད་དུ་གྲགས་བཞིན་ཡོད།

ཚེས11ཉིན་ནས་བཟུང་། རི་ནེ་ཝ་གྲོང་ཁུལ་གྱི་དར་རྒྱས་ཆེ་བའི་ས་ཁུལ་གྱི་ཚོང་ཁང་དང་མཁར་རྙིང་ཁུལ་གྱི་སྲིད་གཞུང་ཡོད་སར་བསྟུད་མར་འགོག་སྲུང་གི་ཤིང་ར་བརྟན་པོ་སྒྲིག་སྦྱོར་བྱས། ཚོང་ཁང་གི་སྒོ་ཁར་འགྲོ་འོང་བྱེད་ས་ཆུང་ངུ་ཙམ་ལས་བསྐྱུར་མེད་པ་དང་། ངོ་རྒོལ་བྱ་འགུལ་སྤེལ་སྐབས་བཅོམ་འཕྲོག་སོགས་ཀྱི་ཟང་ཟིང་གི་སྣང་ཚུལ་འབྱུང་བར་སྔོན་འགོག་བྱས། རི་ནེ་ཝ་མངའ་སྡེའི་སྲིད་གཞུང་གི་བདེ་འཇགས་ལས་དོན་གྱི་འགན་ཁུར་བའི་དཔོན་རིགས་ཀྱིས་བསྟན་དོན། ཚོད་དཔག་བྱས་ན་མངའ་སྡེ་དེས་མེ་སྒོར་བྱེ་བ་གཉིས་དང་ས་ཡ་ལྔའི་བདེ་སྲུང་གྲོན་དངུལ་གྱི་འགན་ཁུར་དགོས་ཟེར།

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་དེ་ཚེས15ཉིན་ནས་ཚེས17ཉིན་བར་ཧྥ་རན་སིའི་ཨེ་ཝེ་ཨང་ལའེ་པན་ནས་སྤེལ་རྒྱུ་ཡིན་པ་དང་། ས་ཁུལ་དེ་རི་ནེ་ཝ་དང་བར་ཐག་སྤྱི་ལེ40ལྷག་ཙམ་ལས་མེད། སུའེ་ཙེར་གྱིས་ཉེ་སྔོན་བདེ་སྲུང་ལ་ཤུགས་སྣོན་བྱས་ཡོད་ཅིང་། ཚེས11ཉིན་ནས་བཟུང་སུའེ་ཙེར་དང་ཧྥ་རན་སིའི་མཐའ་མཚམས་ཀྱི་རྒྱུ་ལམ་ཉེར་ལྔ་བཀག་སྡོམ་བྱས་ཡོད།

བསོད་ནམས་ཚེ་རིང་གིས་བསྒྱུར།