དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་ཐག་བཅད་ཡོད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཚེས14ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། དབྱི་ལིང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་གིས་བསྟན་དོན། དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་གྲོས་མོལ་བྱེད་པའི་ཆོད་དོན་སྤེལ་ཡོད་ཟེར།

ཕའེ་ཙེ་ཞི་ཆི་དབྱང་གིས་བཤད་རྒྱུར། གྲོས་མོལ་ལ་སྐུལ་འདེད་གཏོང་བ་ནི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་དངོས་སུ་གྲོས་མཐུན་བཀོད་པའི་ཆོད་དོན་ཅིག་ཡིན་པ་དང་། འབྲེལ་ཡོབ་བྱ་བས་སྔར་ནས་གཏན་འཁེལ་བྱས་པའི་སྒྲོམ་གཞིའི་ནང་སྐུལ་འདེད་གཏོང་རྒྱུ་རེད། ཉིན་དེའི་སྔ་དྲོར། ཕའེ་ཙེ་ཞི་ཆི་དབྱང་གིས་བསྟན་དོན། འཐབ་འཁྲུག་དང་གྲོས་མོལ་སོགས་ལ་འབྲེལ་བའི་གནད་དོན་གལ་ཆེན་གྱི་ཐག་གཅོད་དབང་ཆ་དེ་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་དང་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་ལ་ཡོད་པ་དང་། ཆབ་སྲིད་ཕྱོགས་ཁག་སོ་སོས་འབྲེལ་ཡོད་ཀྱི་ཆོད་དོན་བརྩི་སྲུང་བྱེད་དགོས་ཟེར།

ཉིན་དེར་དབྱི་ལིང་དབྱི་སི་ལན་གྲོས་ཁང་གི་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ལེ་པཱ་ནུན་གྱི་ངོ་རྒོལ་སྟོབས་ཤུགས་ཀྱི་འགུལ་སྐྱོད་དང་དབྱི་ལིང་གི་ཕྱི་འབྲེལ་བྱ་བ་དེ་ལེ་པཱ་ནུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་འགན་སྲུང་བྱེད་པ་དང་། དབྱི་སི་རལ་གྱི་འཐབ་འཁྲུག་གི་དཀྲུག་འཕེན་བྱ་སྤྱོད་ལ་བཀག་འགོག་བྱེད་པར་ཕན་ཐོགས་ཡོད་ཟེར།

དབྱི་ལིང་གི་སྨྱན་བྱད་ཀྱིས་ཉིན་དེའི་སྔ་དྲོར་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཙོ་ལེ་ཅཱ་ཏི་ཨར་གྱིས་ལེ་པཱ་ནུན་གྱི་གནས་བབ་ཐད་ནས་བསྟན་དོན། དབྱི་སི་ལན་གྱི་འཐབ་མོ་བས་མི་འགྱངས་པར་འགུལ་སྐྱོད་སྤེལ་རྒྱུ་རེད་ཟེར། དབྱི་ལིང་གི་དྲག་ཆས་དམག་དཔུང་ཧཱ་ཐཱ་མུའུ་ཨན་པུས་ཡཱ་ཀྲུང་དབྱང་སྤྱི་ཁྱབ་དམག་སྤྱི་ཨ་པུའུ་ཏུའུ་ལཱ་ཞི་ཡིས་བཤད་རྒྱུར། དབྱི་ལིང་གི་དྲག་ཆས་དམག་དཔུང་གིས་འཐབ་འཁྲུག་ལ་གྲ་སྒྲིག་བྱས་ཡོད་པ་དང་། དགྲ་བོའི་ནོར་འཆུག་གི་བྱ་སྤྱོད་གང་རུང་ལས་དབྱི་ལིང་གིས་དེར་གནད་ལ་འཁེལ་བའི་ཆམ་ཕབ་གཏོང་ངེས་ཡིན་ཟེར།

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་ཀྱང་ཚེས14ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་འདབས་ཀྱི་སྡོད་དམངས་འདུས་སྡོད་བྱེད་སར་དམག་དོན་འཇབ་རྒོལ་སྤེལ་བར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཐེངས་འདིའི་འཇབ་རྒོལ་ལས་ལེ་པཱ་ནུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་གནོད་སྐྱེལ་ཡོད་པར་མ་ཟད། ཟླ4བའི་ཚེས8ཉིན་བཀོད་པའི་ཨ་མེ་རི་ཁ་དང་དབྱི་ལིང་གི་གནས་སྐབས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་ཡང་འགལ་ཡོད་ཟེར། དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། ཨ་མེ་རི་ཁས་དབྱི་སི་རལ་གྱི་ལེ་པཱ་ནུན་དང་དབྱི་ལིང་ལ་དམིགས་པའི་འབྲེལ་ཡོད་འགུལ་སྐྱོད་དང་དེའི་མཇུག་འབྲས་ལ་ཐད་ཀར་འགན་ཁུར་དགོས་ཟེར། གསལ་སྒྲོག་ལས་ནན་གྱིས་བསྟན་དོན། དབྱི་ལིང་གིས་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་རང་སྟེང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།