དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཨ་མེ་རི་ཁ་ཕྱོགས་ཀྱིས་དམ་བཅའ་ལག་བསྟར་བྱས་རྗེས་ཉིན་དྲུག་ཅུའི་གྲོས་མོལ་མགོ་རྩོམ་རྒྱུའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལིང་གི་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་ཚེས15ཉིན་གྱི་ཞོགས་པར་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཅཱ་ལི་པཱ་པཱ་ཏིས་ཀྱིས་བསྟན་དོན། དབྱི་ལིང་དང་ཨ་མེ་རི་ཁས་བཟོད་སྒོམ་བརྗེད་ཐོ་དངོས་སུ་འགོད་པའི་མཛད་སྒོ་དེ་ཚེས19ཉིན་སུའེ་ཙེར་ནས་སྤེལ་རྒྱུ་ཡིན་པ་དང་། དབྱི་ལིང་གིས་ཨ་མེ་རི་ཁས་དམ་བཅའ་ལག་བསྟར་བྱས་པར་དཔྱད་ཞིབ་བྱས་རྗེས་ཉིན་དྲུག་ཅུའི་གྲོས་མོལ་མགོ་རྩོམ་རྒྱུ་ཡིན་ཟེར།

ཅཱ་ལི་པཱ་པཱ་ཏིས་ཀྱིས་བཤད་རྒྱུར། དབྱི་ལིང་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་འཐུས་ཚབ་ཚོགས་པའི་འགན་ཁུར་བས་ཚེས19ཉིན་གྲོས་མོལ་བྱས་ཏེ་རྗེས་ཀྱི་བྱ་བར་བཀོད་སྒྲིག་བྱེད་རྒྱུ་ཡིན། ཉིན་དྲུག་ཅུའི་གྲོས་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་མེ་རི་ཁ་ཕྱོགས་ཀྱིས་འཐབ་འཁྲུག་མཇུག་སྒྲིལ་བ་དང་བཀག་སྡོམ་མེད་པར་གཏོང་བ། ཉར་འཇོག་རྒྱུ་ནོར་ཕྱིར་སྟེར་བ་བཅས་ཀྱི་དམ་བཅའ་ལག་བསྟར་བྱེད་རྒྱུ་དེ་ཡིན་ཟེར།

ཁོས་བཤད་རྒྱུར། ཉིན་དྲུག་ཅུའི་གྲོས་མོལ་དེ་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་ཡོད་ཚད་མེད་པར་གཏོང་བ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན། དཔལ་འབྱོར་བསྐྱར་འཛུགས་དང་འཕེལ་རྒྱས་གནད་དོན་བཅས་ལ་འབྲེལ་བ་ཡོད་པར་མ་ཟད། ཕྱོགས་གཉིས་ཀྱིས་དམ་བཅའ་ལག་བསྟར་བྱེད་པར་ལྟ་རྟོག་བྱེད་པའི་རྐྱེན་སྲོལ་སོགས་ལའང་འབྲེལ་བ་ཡོད།

བསོད་ནམས་ཚེ་རིང་གིས་བསྒྱུར།