
རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་ཚེས15ཉིན་ཧྥ་རན་སིའི་ཨེ་ཝེ་ཨང་ལའེ་པན་ནས་ཚོགས་མགོ་བརྩམས། ཚོགས་རའི་ཕྱི་རོལ་དུ་ངོ་རྒོལ་བྱེད་པའི་སྒྲ་སྐད་ཧ་ཅང་མཐོ།
གྲོས་རིམ་ལྟར་ན། ཐེངས་འདིའི་རྩེ་ཚོགས་ཀྱི་ཚོགས་ཡུན་ནི་ཉིན3ཡིན་པ་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་། དབུས་ཤར་ས་ཁུལ་གྱི་གནས་བབ། དཔལ་འབྱོར་གྱི་དོ་མཉམ་དང་མཉམ་སྤྱོད། རྒྱུན་མཐུད་འཕར་སྣོན། དེ་མིན་མི་ཐབས་རིག་ནུས་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་འགོ་ཁྲིད་པ་ལས་གཞན་པཱ་ཞི་དང་ཧན་གོ། རྒྱ་གར། ཁུན་ནེ་ཡཱ། ཨེ་ཅིབ། ཝུའུ་ཁི་ལན་སོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བཅུ་ལྷག་གི་འགོ་ཁྲིད་པའང་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཡོད།
ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་གིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཧྥ་རན་སི་ཡིས་རྩེ་ཚོགས་སྐབས་སུ་མནའ་མཐུན་གྲོགས་པོ་དག་དང་མཉམ་དུ། ཝུའུ་ཁི་ལན་དང་ཨུ་རུ་སིའི་བར་གྱི་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། ཁོས་རྩེ་ཚོགས་ཀྱི་ཡུལ་དངོས་སུ་ཧྥ་རན་སིའི་བརྙན་འཕྲིན་ཁང་དང་པོའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཚེས16ཉིན་དབྱི་ལིང་གི་གནད་དོན་ཐད་ནས་གྲོས་ཚོགས་བསྡུས་ཏེ། ཨ་མེ་རི་ཁ་དང་དབྱི་ལིང་གི་བཟོད་སྒོམ་བརྗེད་ཐོ་དངོས་འབེབས་ཐུབ་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།
སུའེ་ཙེར་གྱི་ལྟ་ཞིབ་ཚགས་པར་གྱིས་རྩོམ་ཡིག་སྤེལ་ཏེ། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ད་ལྟ་གོ་ལ་ཧྲིལ་བོའི་ས་ཁུལ་ཆབ་སྲིད་རྣམ་པའི་ཚབ་བྱེད་ཐབས་མེད་པ་དང་། རྩེ་ཚོགས་ལས་ཨ་མེ་རི་ཁའི་ཁམས་དང་བསྟུན་ཆེད་ནམ་ཟླའི་འགྱུར་ལྡོག་དང་གོ་ལ་ཧྲིལ་བོའི་དྲོད་ཚད་ཇེ་མཐོར་འགྲོ་བའི་གནད་དོན་ཐག་གཅོད་བྱེད་པ་དེ་གྲོས་རིམ་ལས་བླངས་པ་ནི་ནོར་འཆུག་གལ་ཆེན་ཞིག་རེད་ཟེར།
ཧྥ་རན་སིའི་གླེང་སྟེགས་ཚགས་པར་གྱི་རྩོམ་ཡིག་ལས་བལྟས་ན། ཧྥ་རན་སི་ཡིས་གོ་ལ་ཧྲིལ་བོའི་དཔལ་འབྱོར་དོ་མཉམ་མིན་པའི་སྣང་ཚུལ་ཇེ་ཉུང་དུ་གཏོང་བ་དེ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་གྲོས་རིམ་ནང་བཞག་ཡོད་ཀྱང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དངུལ་བུན་ཉམས་ཉེན་དང་གོ་ལ་ཧྲིལ་བོའི་འབྱོར་ཕྱུག་གཅིག་བསྡུས་ཀྱི་རྣམ་པ། དུས་ལས་ཡོལ་བའི་རྒྱལ་སྤྱིའི་ཁྲལ་བསྡུའི་ལམ་ལུགས་སོགས་དོ་མཉམ་མིན་པའི་གནད་དོན་གལ་ཆེན་གཞན་པ་སྣང་མེད་དུ་བསྐྱུར་ཡོད་པར་འདོད།
རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ནི་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་མན། དབྱི་ཐཱ་ལེ། ཁཱ་ནཱ་ཏཱ། འཇར་པན་བཅས་ཀྱིས་གྲུབ་ཡོད། ཧྥ་རན་སི་ནི་ད་ལོའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།