
ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས16ཉིན་སོ་སོར་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་དང་འཇར་མན་གྱི་ཙུང་ལི་མའོ་ཚི་གཉིས་དང་གྲོས་མོལ་བྱས་ཏེ། གཙོ་བོ་འགོག་སྲུང་མཉམ་ལས་བྱ་བ་དང་། ཁྱད་པར་དུ་ཝུའུ་ཁི་ལན་གྱིས་མཁའ་སྲུང་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་པར་གྲོས་བསྡུར་བྱས།
ཝུའུ་ཁི་ལན་གྱི་རྒྱལ་སྤྱིའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཙེ་ལིན་སི་ཅི་ཡིས་ཉིན་དེར་ཧྥ་རན་སིའི་ཨེ་ཝེ་ཨང་ལའེ་པན་ནས་བསྡུས་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་སྐབས་སུ་ཐི་ལིང་ཕུའུ་དང་གྲོས་མོལ་བྱས། དེའི་རྗེས་སུ་ཙེ་ལན་སི་ཅི་ཡིས་སྨྱན་བྱད་ལ་བསྟན་དོན། ཁོ་དང་ཐི་ལིང་ཕུའུ་ཡིས་ཝུའུ་ཁི་ལན་ལ་ཨ་མེ་རི་ཁའི་འཕུར་མདའི་མ་ལག་གི་ཐོན་སྐྱེད་ཆོག་མཆན་ཐོབ་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཝུའུ་ཁི་ལན་ཕྱོགས་ལ་ཐོན་སྐྱེད་ཆོག་མཆན་ཐོབ་པར་རེ་བཞིན་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོས་ད་རུང་འཇར་མན་གྱི་ཙུང་ལི་མའོ་ཚི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གཙོ་བོ་ཝུའུ་ཁི་ལན་གྱི་འགོག་སྲུང་ཐད་རྒྱབ་སྐྱོར་བྱེད་པ་དང་། ཁྱད་པར་དུ་ཝུའུ་ཁི་ལན་གྱི་མཁའ་སྲུང་ནུས་པ་སྔར་ལས་ཤུགས་སྣོན་བྱེད་པར་གྲོས་བསྡུར་བྱས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།