ཨེ་ཀྭ་ཏོར་གྱི་སྲིད་འཛིན་གྱིས་མའོ་ཞི་ཁོའི་བར་གྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་འདོད་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨེ་ཀྭ་ཏོར་གྱི་སྲིད་འཛིན་ནོའུ་ཨོ་ཡཱ་ཡིས་ཚེས17ཉིན་མའོ་ཞི་ཁོའི་བརྙན་འཕྲིན་ཁང་ཞིག་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། མིག་སྔར་ཨེ་ཀྭ་ཏོར་དང་མའོ་ཞི་ཁོའི་ཕྱི་ཕྱོགས་འབྲེལ་བ་མུ་མཐུད་དུ་མཚམས་འཇོག་པར་རྒྱུ་མཚན་ཅི་ཡང་མེད་པས། མའོ་ཞི་ཁོའི་བར་གྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པར་རེ་བཞིན་ཡོད་ཟེར།

ནོའུ་ཨོ་ཡཱ་ཡིས་བཅར་འདྲིའི་ནང་བསྟན་དོན། ཨེ་ཀྭ་ཏོར་དང་མའོ་ཞི་ཁོ་རྒྱལ་ཁབ་གཉིས་ཀྱིས་ལོ་རྒྱུས་སྟེང་འབྲེལ་བ་བཟང་བོ་སྲུང་འཛིན་བྱས་ཡོད་ལ། མའོ་ཞི་ཁོའི་ཁེ་ལས་མང་བོས་ཨེ་ཀྭ་ཏོར་དུ་དངུལ་གཏོང་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ང་རང་ཉིད་མའོ་ཞི་ཁོ་ལ་བསམ་འཆར་ཅི་ཡང་མེད་ལ། ངས་མའོ་ཞི་ཁོའི་སྲིད་གཞུང་བར་གྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་འདོད་ཡོད་ཟེར།

ནོའུ་ཨོ་ཡཱ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་རྒྱུན་ལྡན་ཡོང་བ་དེ་གཙོ་བོ་མའོ་ཞི་ཁོའི་སྲིད་གཞུང་ལ་རག་ལས་ཡོད་ཟེར། ནོའུ་ཨོ་ཡཱ་ཡིས་ད་རུང་ནན་གྱིས་བསྟན་དོན། ཕྱི་འབྲེལ་ལས་ཁུངས་དེ་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་གཅོད་བྱས་པའི་མི་སྣའི་ཉེན་ཡོལ་ཁང་དུ་འགྱུར་མི་རུང་ཟེར།

2024ལོའི་ཟླ4བའི་ཚེས5ཉིན་གྱི་དགོང་མོར། ཨེ་ཀྭ་ཏོར་གྱི་བདེ་འཇགས་དམག་དཔུང་ཨེ་ཀྭ་ཏོར་དུ་སྡོད་པའི་མའོ་ཞི་ཁོའི་གཞུང་ཚབ་ཁང་དུ་སོང་ནས། མའོ་ཞི་ཁོ་ཕྱོགས་ལ་སྐྱབས་བཅོལ་བའི་ཨེ་ཀྭ་ཏོར་སྔོན་ཆད་ཀྱི་སྲིད་འཛིན་གཞོན་པ་ཀི་ལཱ་སི་འཛིན་བཟུང་བྱས། དེའི་རྗེས་སུ་མའོ་ཞི་ཁོ་ཡིས་ཨེ་ཀྭ་ཏོར་བར་གྱི་ཕྱི་ཕྱོགས་འབྲེལ་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།