
ཉེན་རྟོག་པའི་གནས་ཚུལ་ལྟར་ན། ཨ་རིའི་ཉིག་ཡོག་དུས་ཐོག་ཚགས་པར་ཐང་ཆེན་དུ་ཚེས18ཉིན་གྱི་ཕྱི་དྲོར་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་གཅིག་རྨས་པ་དང་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས།
ཉེན་རྟོག་པས་བཤད་རྒྱུར། དོན་རྐྱེན་བྱུང་རྗེས། དོགས་ཡོད་ཉེས་ཅན་གཅིག་ཉེན་རྟོག་པས་འཕྲལ་མར་ཚོད་འཛིན་བྱས་ཤིང་། གྱོད་འབྲེལ་མེ་མདའ་གཞུང་བཞེས་བྱས། ཉིག་ཡོག་མེ་ཟོན་ཅུས་ཀྱི་སྙན་ཞུ་ལྟར་ན། རྨས་མ་གཅིག་སྨན་ཁང་དུ་བསྐྱལ་མོད། ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་མེད།
ཨ་རིའི་སྨྱན་སྦྱོར་གྱིས་བསྒྲགས་པའི་ཡུལ་དངོས་བརྙན་རིས་ལས་མངོན་པ་ལྟར་ན། མེ་མདའི་སྒྲ་གྲགས་རྗེས་དུས་ཐོག་ཚགས་པར་ཐང་ཆེན་གྱི་མི་ཚོགས་ཕྱོགས་བཞིར་ཐོར་ཞིང་། དངངས་སྐྲག་སྐྱེས་པའི་ལམ་འགྲོ་བས་གཅིག་རྗེས་གཉིས་མཐུད་དུ་སྐུང་གནས་བཙལ། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་ཡུལ་ཉེ་འགྲམ་གྱི་བགྲོད་ལམ་མྱུར་དུ་བཀག་སྡོམ་བྱས།
ཐེངས་འདིའི་མེ་མདས་བརྒྱབ་པའི་དོན་རྐྱེན་ནི་ཉིག་ཡོག་ནེ་ཁི་སི་རུ་ཁག་ལ་ཨ་རིའི་ལས་རིགས་ལྒང་ལིའི་མཉམ་འགྲན་ཁྲོད་སྤྱིའི་ཨང་དང་པོ་ཐོབ་པར་རྟེན་འབྲེལ་ཞུ་བའི་སྐོར་སྐྱོད་མཇུག་རྫོགས་མ་ཐག་བྱུང་བ་ཡིན་པས། མན་ཧ་ཏོན་ཞ་ཁྲུན་སྲང་ལམ་དུ་མི་ཚོགས་ཀྱིས་ཁེངས་ཡོད། ཉིག་ཡོག་ཉེན་རྟོག་ཕྱོགས་ཀྱིས་སྐོར་སྐྱོད་ཀྱི་བདེ་འཇགས་འགན་ལེན་བྱེད་ཆེད་ཉེན་རྟོག་པ་འབོར་ཆེན་བཀོད་སྒྲིག་བྱས་ཡོད། ཨ་རིའི་སྨྱན་སྦྱོར་གྱི་གསར་འགོད་ལྟར་ན། དོན་རྐྱེན་བྱུང་ཡུལ་དེ་ཉེན་རྟོག་པའི་རླངས་འཁོར་ཞིག་དང་བར་ཐག་སྨི་འགའ་ལས་མེད། མིག་སྔར། ཉེན་རྟོག་ཕྱོགས་ཀྱིས་གྱོད་དོན་ལ་བརྟག་དཔྱད་བྱེད་བཞིན་ཡོད།