ཨུ་རུ་སུས་ཀྲ་པོ་ལོ་རུ་ཉིང་གློག་ས་ཚིགས་ལ་ཉིན་རེར་ཆ་སྙོམས་ཀྱིས་ཐེངས50ཡན་གྱི་འཇབ་རྒོལ་ཐེབས་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཚེས18ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ལི་ཧ་ཆའོ་ཧྥུའུ་ཡིས་ཉིན་དེར་བཤད་རྒྱུར། ཀྲ་པོ་ལོ་རུ་ཉིང་གློག་ས་ཚིགས་ལ་བསྟུད་མར་ཉིན་འགའི་རིང་ཉིན་རེར་ཆ་སྙོམས་ཀྱིས་ཐེངས་ལྔ་བཅུ་ཡན་གྱི་འཇབ་རྒོལ་ཐེབས་ཡོད་ཟེར།

ལི་ཧ་ཆའོ་ཧྥུའུ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་མི་མེད་གནམ་གྲུ་སོགས་བེད་སྤྱད་ནས་ཀྲ་པོ་ལོ་རུ་ཉིང་གློག་ས་ཚིགས་དང་ས་ཚིགས་གནས་སའི་ཨད་ནེ་ཨར་ཀི་ཏ་ཨར་གྲོང་ཁྱེར་ལ་འཇབ་རྒོལ་བྱས། ནུབ་ཕྱོགས་ཀྱི་ངག་བཅད་ཁས་ལེན་ཐོབ་རྐྱེན། འཇབ་རྒོལ་གྱི་ཐེངས་གྲངས་དང་ནུས་ཚད་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། ཉིང་གློག་ས་ཚིགས་ལས་གཞན། གྲོང་ཁྱེར་གྱི་དམངས་སྤྱོད་རྨང་གཞིའི་སྒྲིག་བཀོད་ཀྱང་འཇབ་རྒོལ་བྱེད་ཡུལ་དུ་གྱུར་ཡོད་ཟེར།

ཀྲ་པོ་ལོ་རུ་ཉིང་གློག་ས་ཚིགས་ནི་ཡོ་རོབ་གླིང་གི་ཆེས་ཆེ་བའི་ཉིང་གློག་ས་ཚིགས་ཤིག་རེད། 2022ལོའི་ཟླ2པར་ཝུའུ་ཁི་ལན་གྱི་ཉམས་ཉེན་ཕྱོགས་ཡོངས་ནས་རིམ་སྤོར་བྱས་རྗེས། ཨུ་རུ་སུས་ཀྲ་པོ་ལོ་རུ་ཉིང་གློག་ས་ཚིགས་ཚོད་འཛིན་བྱས། དེའི་རྗེས་སུ། ཉིང་གློག་ས་ཚིགས་དེར་ཐེངས་མང་བོར་མེ་སྒྱོགས་སམ་ཡང་ན་མི་མེད་གནམ་གྲུས་རྒོལ་རྡུང་ཐེབས་པས། དེའི་བདེ་འཇགས་ཐད་ནས་རྒྱལ་སྤྱིའི་སྤྱི་ཚོགས་སེམས་ཁུར་ལ་གཏད་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།