
དབྱི་ལང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པ་ཅ་ཨེ་ཡིས་ཚེས19ཉིན་བསྟན་དོན། དབྱི་ལང་ལ་མིག་སྔར་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་གདན་ཞུ་བྱས་ཏེ་དབྱི་ལང་གི་ཉིང་རྡུལ་སྒྲིག་བཀོད་ལ་ཞིབ་བཤེར་བྱེད་དུ་འཇོག་པའི་འཆར་གཞི་མེད། སྨྱན་སྦྱོར་ཁ་ཤས་ཤིག་གིས་དབྱི་ལང་ཕྱོགས་ཀྱིས་ལས་ཁུངས་དེར་གདན་ཞུའི་ཡི་གེ་སྐུར་ཟེར་བའི་བཤད་ཚུལ་དེ་བདེན་པ་མིན་ཟེར།
པ་ཅ་ཨེ་ཡིས་ཉིན་དེར་སྨྱན་སྦྱོར་ལ་བསྟན་དོན། དབྱི་ལང་དང་ཨ་རིའི་བཟོད་སྒོམ་བརྗེད་ཐོ་ལྟར་ན། ཉིང་རྡུལ་གནད་དོན་དང་འབྲེལ་བའི་གྲོས་མོལ་དེ་ཉིན་དྲུག་ཅུའི་དུས་ཡུན་དུ་སྤེལ་རྩིས་ཡིན་ཀྱང་། གྲོས་མོལ་མགོ་རྩོམ་དགོས་ན་བཟོད་སྒོམ་བརྗེད་ཐོའི་གཏན་འབེབས་དོན་ཚན་བཅུ་གསུམ་པའི་འབྲེལ་ཡོད་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་ལེན་བྱེད་དགོས་ཟེར།
ཁོས་ད་རུང་བཤད་རྒྱུར། བརྗེད་ཐོ་ལྟར་ན། ཉིན་དྲུག་ཅུའི་ནང་དུ། དབྱི་ལང་གིས་ད་ཡོད་ཀྱི་ཉིང་རྡུལ་འཆར་གཞིའི་གནས་བབ་སྲུང་འཛིན་བྱེད་རྒྱུ་ཡིན། དེའི་སྔོན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྒྲིག་བཀོད་ཞིབ་བཤེར་དང་ལེན་བྱས་ཟིན། འབྲེལ་ཡོད་ཞིབ་བཤེར་བྱ་བ་མུ་མཐུད་སྤེལ་འདོད་ཡོད་ཀྱང་། ཨ་རི་དང་དབྱི་སི་རལ་གྱིས་འཇབ་རྒོལ་བྱས་པར་བརྟེན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྒྲིག་བཀོད་ཞིབ་བཤེར་བྱ་བ་མཚམས་བཞག་ཡོད། ཞིབ་བཤེར་སླར་གསོ་བྱེད་མིན་དེ་རྗེས་མཐུད་ཀྱི་གྲོས་མོལ་འཕེར་རིམ་དང་དེའི་མཇུག་འབྲས་ལ་རག་ལས་ཡོད་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།