ཨེ་ཅིབ་སྲིད་འཛིན་གྱིས་ཨ་མེ་རི་ཁ་དང་དབྱི་ལིང་གི་མཇུག་མཐའི་གྲོས་མཐུན་ལས་ཨ་རབ་རྒྱལ་ཁབ་ཚང་མའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨེ་ཅིབ་ཀྱི་སྲིད་འཛིན་སེ་ཞི་ཡིས་ཚེས21ཉིན་བསྟན་དོན། ཨ་མེ་རི་ཁ་དང་དབྱི་ལིང་གི་ཆེས་མཇུག་མཐའི་གྲོས་མཐུན་ལས་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་དང་ཨ་རབ་རྒྱལ་ཁབ་ཚང་མའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱི་སེམས་ཁུར་གནད་དོན་ལ་ལན་སྟེར་དགོས་ཟེར།

སེ་ཞི་ཡིས་ཉིན་དེར་ཁེ་རོ་ནས་ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་དང་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་བཅས་ལ་ཐུག་འཕྲད་བྱེད་སྐབས། ས་ཁུལ་གྱི་གནས་བབ་འཕེལ་རྒྱས་དང་ཨ་མེ་རི་ཁ་དང་དབྱི་ལིང་གིས་བཀོད་པའི་བཟོད་སྒོམ་བརྗེད་ཐོ་དངོས་འབེབས་བྱེད་པ་སོགས་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཨེ་ཅིབ་ཀྱི་སྲིད་འཛིན་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། སེ་ཞི་ཡིས་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་གྱི་གནད་དོན་དྲང་བདེན་དང་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པ་ནི་ས་ཁུལ་གྱི་ཡུན་རིང་གཏན་འཇགས་མངོན་འགྱུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་དེ་ཨེ་ཅིབ་དང་ཕཱ་ཁི་སི་ཐན། སོ་ཏི་ཨ་རབ། ཐུར་ཁེ་བཅས་རྒྱལ་ཁབ་བཞིའི་གྲོས་མོལ་རྐྱེན་སྲོལ་གྱི་གྲོས་ཚོགས་ཐེངས་བཞི་བའི་སྐབས་སུ་འཁེལ་ཡོད། སེ་ཞི་ཡིས་བསྟན་དོན། ཉེ་སྔོན་ས་ཁུལ་གྱི་གནས་བབ་འཕེལ་རྒྱས་ལས་རྒྱལ་ཁབ་དེ་བཞི་བོ་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ཐད་ཀྱི་འདེགས་སྐྱོར་གལ་ཆེན་ཡིན་པའི་ཐད་ཀྱི་ནུས་པ་ཡང་བསྐྱར་འབུར་ཐོན་དུ་མངོན་ཡོད་ལ། མུ་མཐུད་དུ་གྲོས་མོལ་རྐྱེན་སྲོལ་དེ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།