
ཚེས21ཉིན་སུའེ་ཙེར་གྱི་པུས་ཨར་ཀིན་རི་བོ་ནས་སྤེལ་བཞིན་པའི་དབྱི་ལིང་དང་ཨ་མེ་རི་ཁའི་གྲོས་མོལ་གྱི་དབྱི་ལིང་འཐུས་ཚབ་ཚོགས་པས་གློ་བུར་དུ་གྲོས་མོལ་མཚམས་བཞག་སྟེ། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཉིན་དེར་དབྱི་ལིང་ལ་འཇིགས་སྐུལ་གཏམ་བཤད་སྤེལ་བར་ངོ་རྒོལ་བྱས།
ཐི་ལིང་ཕུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ། དབྱི་ལིང་གིས་མྱུར་དུ་ལེ་པཱ་ནུན་གྱི་འགུལ་སྐྱོད་མཚམས་འཇོག་དགོས་པ་དང་། དེ་ལྟ་མིན་ཚེ་ཨ་མེ་རི་ཁས་ཡང་བསྐྱར་དབྱི་ལིང་ལ་ཆམ་ཕབ་དྲག་པོ་གཏོང་རྒྱུའི་ཉེན་བརྡ་བཏང་།
དབྱི་ལིང་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་འཐུས་ཚབ་ཚོགས་པས་ཐི་ལིང་ཕུའུ་ཡི་གོང་གི་གཏམ་བཤད་དེའི་ཐད་ནས་ཨ་མེ་རི་ཁའི་ཕྱོགས་ལ་ངོ་རྒོལ་བྱས་པ་དང་། ཞོར་དུ་ཚོགས་ར་དང་བྲལ་ནས་སྐར་མ་བརྒྱད་ཅུའི་རིང་སྤེལ་བའི་གྲོས་མོལ་མཚམས་བཞག་སྟེ་ནང་ཁུལ་ནས་གྲོས་མོལ་བྱེད་མགོ་བརྩམས་ཟེར། བསྒྲགས་པ་ལྟར་ན། དབྱི་ལིང་ཕྱོགས་ཀྱིས་རྒོལ་ལན་སྤྲོད་པའི་ཇུས་གཞི་འོས་འཚམ་ཞིག་གཏན་འབེབས་བྱེད་བཞིན་ཡོད་ཟེར།
དེའི་ཞོར་དུ་དབྱི་ལིང་གི་འཐུས་ཚབ་ཚོགས་པའི་འགན་ཁུར་བ། དབྱི་ལིང་དབྱི་སི་ལན་གྲོས་ཁང་གི་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོ་ཚོས་རབ་ཡིན་ན་གཏམ་སྤྱོད་ལ་གཟབ་ནན་བྱེད་དགོས། ང་ཚོའི་དྲག་ཆས་དམག་དཔུང་གིས་ཐབས་མི་འདྲ་བའི་སྒོ་ནས་ཁོ་ཚོར་རྒོལ་ལན་སྤྲོད་པར་གྲ་སྒྲིག་བྱས་ཡོད་ཟེར།
གནད་དོན་དེའི་ཐད་ནས་ལེ་པཱ་ནུན་གྱི་ཐང་ཆེན་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་རྒོལ་ལན་མངོན་གསལ་ཡིན་པ་དང་། ཐི་ལིང་ཕུའུ་ཡིས་རང་གི་འཇིགས་སྐུལ་གཏམ་བཤད་དེའི་ཐད་ནས་དགོངས་དག་ཞུ་དགོས་པ་དང་། དབྱི་སི་རལ་གྱི་དམག་དཔུང་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་མ་བྱས་ན། དབྱི་ལིང་གི་འཐུས་ཚབ་ཚོགས་པ་ཡང་བསྐྱར་གྲོས་མོལ་ལ་ཞུགས་མི་སྲིད་ཟེར།
ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཡུལ་དངོས་ནས་མཐོང་བའི་གནས་ཚུལ་ལྟར་ན། གྲོས་མོལ་གྱི་དུས་ཡུན་སྔོན་ལ་གཏན་འཁེལ་བྱས་པའི་ཉིན་རིམ་ལས་ཇེ་རིང་དུ་བཏང་ཡོད་ལ། དབྱི་ལིང་གི་འཐུས་ཚབ་ཚོགས་པ་དེའི་རྗེས་སུ་ཡང་བསྐྱར་གྲོས་མོལ་ལ་ཞུགས་ཡོད་མིན་གསལ་བོར་ཤེས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།