ཨེ་ཅིབ་ལྷོ་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་དུ་བདེ་འཇགས་འགུལ་སྐྱོད་སྤེལ་ཏེ་ནག་ཉེས་བཟོས་པའི་དོགས་ཡོད་མི་སྣ223འཛིན་བཟུང་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས22ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཕྱོགས་ཀྱིས་ལྷོ་ཕྱོགས་ཀྱི་སུའུ་ཏན་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་དུ་བདེ་འཇགས་འགུལ་སྐྱོད་སྤེལ་སྐབས། རྒྱལ་ཁོངས་བརྒལ་བའི་ནག་ཉེས་དང་ཁྲིམས་འགལ་གྱིས་གསེར་གཏེར་སྔོག་འདོན་བྱས་པའི་དོགས་ཡོད་མི་སྣ223འཛིན་བཟུང་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ལས་གཙོ་བོ་མཚོན་ཆ་དང་དུག་རྫས་ལྐོག་འཚོང་བྱེད་པ་དང་། ཁྲིམས་འགལ་གྱིས་གསེར་སྔོག་འདོན་བྱེད་པ། ཁྲིམས་འགལ་གནས་སྤོར་སྡོད་དམངས་སོགས་རྩ་འཛུགས་ཅན་གྱི་ནག་ཉེས་ཚོགས་ཁག་གི་སྦས་སྐོང་བྱེད་སར་ཆམ་ཕབ་བཏང་། གནས་དེ་དག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་ཐད་ཀར་འཇིགས་ཉེན་བཟོས་ཡོད་པར་མ་ཟད། དཔལ་འབྱོར་གཏན་འཇགས་དང་དངུལ་གཏོང་ཁོར་ཡུག རྒྱུན་མཐུད་འཕེལ་རྒྱས་བཅས་ལ་ཤུགས་རྐྱེན་ཐེབས་ཡོད་ཟེར།

གསལ་སྒྲོག་ལྟར་ན། ཐེངས་འདིའི་འགུལ་སྐྱོད་ལས་བསྡོམས་པས་ཨེ་ཅིབ་ཀྱི་སྤྱི་དམངས87དང་། ཕྱི་རྒྱལ་གྱི་སྤྱི་དམངས136འཛིན་བཟུང་བྱས་ཡོད་ལ། རླངས་འཁོར་དང་གསེར་འདོན་འཕྲུལ་ཆས། སྐུད་མེད་འཕྲིན་གཏོང་སྒྲིག་ཆས། ས་གནས་རང་གི་སྒོར་མོ་དང་ཕྱི་རྒྱལ་གྱི་སྒོར་མོ་མང་བོ། དེ་མིན་ཁྲིམས་འགལ་གྱི་མཚོན་ཆ་སོགས་གཞུང་བཞེས་བྱས་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།