
ཚེས21ཉིན། དབྱི་ལིང་དང་ཨ་རིས་བཟོད་གསོལ་བརྗེད་ཐོར་མིང་རྟགས་བཀོད་རྗེས་ཀྱི་རེས་སྐོར་དང་པོའི་གྲོས་མོལ་དེ་སུའེ་ཙེར་གྱི་པི་འར་ཀིན་རི་བོ་ནས་སྤེལ།
འདུམ་འགྲིག་བྱེད་མཁན་ཁ་ཐར་དང་ཕ་ཁི་སི་ཐན་གྱིས་ཚེས22ཉིན་གྲོས་མོལ་མཇུག་བསྒྲིལ་རྗེས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། གྲོས་མོལ་ལ་མི་སེམས་འགུལ་བའི་གྲུབ་འབྲས་ཐོབ་པ་དང་། དེའི་ནང་སྔར་ལས་ལྷག་པའི་ལག་རྩལ་རང་བཞིན་གྱི་གྲོས་མོལ་བྱེད་པའི་རྐྱེན་སྲོལ་འཛུགས་རྒྱུ་ཚུད་ཡོད།
གཟའ་འཁོར་འདིའི་ནང་ལག་རྩལ་རང་བཞིན་གྱི་གྲོས་མོལ་པི་འར་ཀིན་རི་བོ་ནས་མུ་མཐུད་དུ་སྤེལ་རྒྱུ་རེད། མཉམ་འབྲེལ་གསལ་བསྒྲགས་ནང་བཤད་རྒྱུར། བཟོད་གསོལ་བརྗེད་ཐོའི་རྨང་གཞིའི་ཐོག ཕྱོགས་སོ་སོ་རིམ་པ་མཐོ་བའི་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས་གྲོས་མོལ་གྱི་འཕེལ་རིམ་ལ་ལྟ་སྐུལ་བྱེད་པར་འགན་འཁུར་རྒྱུར་མོས་མཐུན་བྱུང་། ཨུ་ཡོན་ལྷན་ཁང་དེས་དབྱི་ལིང་དང་ཨ་རིའི་བར་ཉིན60ཡི་རིང་མཇུག་མཐའི་གྲོས་ཡིག་འགོད་པའི་དཔེ་རིས་བཏོན་ཡོད། དབྱི་ལིང་དང་ཨ་རིས་ད་དུང་འབྲེལ་འདྲིས་བརྒྱུད་ལམ་བཙུགས་ནས། གྲོས་མོལ་བྱེད་པའི་སྐབས་སུ་ཚོང་ལས་གྲུ་གཟིངས་བདེ་འཇགས་ངང་ཧོ་འར་མུའུ་ཙི་མཚོ་འགག་བརྒྱུད་ཐུབ་པར་འགན་ལེན་བྱས། གཞན་ཡང་ཕྱོགས་སོ་སོ་འདུམ་འགྲིག་ཕྱོགས་ཀྱིས་འགལ་བ་སེལ་བའི་ཚན་ཆུང་ཞིག་འཛུགས་རྒྱུར་གཞོགས་འདེགས་བྱས་ཏེ། ལེ་པ་ནོན་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་ཐུབ་པར་འགན་ལེན་བྱ་རྒྱུར་མོས་མཐུན་བྱུང་།
དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། རེས་སྐོར་འདིའི་གྲོས་མོལ་ལས་མཇུག་མཐའི་གྲོས་ཡིག་གི་གྲོས་མོལ་འགོ་རྩོམ་པའི་རྨང་གཞིའི་བྱ་བ་དང་། ལེ་པ་ནོན་གྱི་དམག་འཁྲུག་མཇུག་སྒྲིལ་བ། དབྱི་ལིང་གི་རྡོ་སྣུམ་ཕྱིར་ཚོང་བྱེད་ཆོག་པ། དབྱི་ལིང་གི་རྒྱུ་ནོར་བཀག་རྒྱ་གློད་ཆོག་པ་སོགས་ཀྱི་གྲོས་དོན་ཐད་ནས་གྲོས་བསྡུར་བྱས་པར་གྲུབ་འབྲས་བཟང་པོ་ཐོབ། དབྱི་ལིང་བསྐྱར་སྐྲུན་དང་འཕེལ་རྒྱས་ཀྱི་འཆར་གཞི་ཡང་ལག་བསྟར་བྱེད་འགོ་ཚུགས་ཡོད།
ཨ་རིའི་ཕྱོགས་ཀྱིས་བཤད་རྒྱུར། གྲོས་མོལ་གྱི་གྲོས་དོན་ནང་ཧོ་ཨར་མུའུ་ཙི་མཚོ་འགག་གི་སྒོ་འབྱེད་རྐྱེན་སྲོལ་འཛུགས་པ་དང་། ལི་པ་ནོན་ལྷོ་རྒྱུད་དུ་འཁྲུག་རྩོད་མཚམས་འཇོག་པ་སོགས་ཚུད་ཡོད། ཨ་རི་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་ད་དུང་ཉིང་རྡུལ་གྲོས་ཡིག་གི་བདག་རྐྱེན་ལ་གྲོས་བསྡུར་གང་ལེགས་བྱས།
ཚེས21ཉིན། དབྱི་ལིང་དང་ཨ་རིའི་གྲོས་མོལ་འགོ་བརྩམས་པའི་སྐབས་སུ། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གླེང་བརྗོད་སྤེལ་ནས་དབྱི་ལིང་གིས་ལེ་པ་ནོན་གྱི“ལས་ཚབ་པ”ཞེས་པའི་འགུལ་སྐྱོད་འཕྲལ་མར་སྤེལ་མཚམས་འཇོག་དགོས་ལ། དེ་ལྟར་མ་བྱས་ན་ཨ་རིས་སླར་ཡང་དབྱི་ལང་ལ་རྡུང་རྡེག་གཏོང་རྒྱུ་མ་ཟད། རྡུང་རྡེག་སྔར་ལས་ཆེན་པོ་གཏོང་ངེས་པའི་ཐ་ཚིག་བསྒྲགས། དབྱི་ལིང་ཕྱོགས་ཀྱིས་འཕྲལ་མར་རྒོལ་གཏམ་བཏང་ནས་ཚོགས་ར་དང་ཁ་བྲལ་ཏེ་གྲོས་མོལ་བྱེད་མཚམས་བཞག