
འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཚེས3ཉིན་གསར་འགྱུར་སྤྱི་བསྒྲགས་སྤེལ་ནས་བསྟན་དོན། ཨུ་འར་ནོ་ནེ་རྣམ་པ་ཚ་རྒྱུད་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་བྱུང་བ་དང་། མ་འོངས་པའི་ཉིན་འགའི་རིང་མུ་མཐུད་དུ་མགྱོགས་མྱུར་མཆེད་དེ། འཛམ་གླིང་གི་ས་ཁུལ་མང་པོར་ཚ་རླབས་དང་ཐན་པ། དྲག་ཆར། མཐར་སོན་གནམ་གཤིས་གཞན་དག་སོགས་ཀྱི་དོན་རྐྱེན་དག་འབྱུང་སྲིད་རྒྱུ་རེད།
འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཟླ་རེར་བསྒྲགས་པའི་གོ་ལ་ཧྲིལ་བོའི་དུས་ཚིགས་རང་བཞིན་གྱི་གནམ་གཤིས་བརྡ་ཁྱབ་གསར་པ་ལས་མངོན་པ་ལྟར་ན། 2026ལོའི་ཟླ7པ་ནས་ཟླ9པའི་བར་དུ། ཨུ་འར་ནོ་ནེ་རྣམ་པ་མྱུར་དུ་ཨུ་འར་ནོ་ནེ་དོན་རྐྱེན་དྲག་པོར་འགྱུར་རྒྱུ་རེད། གོ་ལ་ཧྲིལ་བོའི་སྔོན་ཚོད་ལྟེ་གནས་གཙོ་བོ་མང་པོའི་རྣམ་པ་མང་པོའི་གཅིག་བསྡུས་སྔོན་བརྡ་ལས་མངོན་པ་ལྟར་ན། ཐིག་དམར་ཞི་བདེ་རྒྱ་མཚོ་ཆེན་མོའི་དབུས་རྒྱུད་དང་ཤར་རྒྱུད་མཚོ་ཁོངས་ཀྱི་དྲོད་ཚད་བསྟུད་མར་ཇེ་མཐོར་ཕྱིན་པ་དང་། ལྟ་ཞིབ་ཚད་ལེན་ས་ཁོངས་གཙོ་བོའི་དུས་ཚིགས་ཀྱི་ཆ་སྙོམས་མཚོ་ངོས་དྲོད་ཚད་སྔོན་དཔག་ལྟར་ན་ལོ་རྒྱུན་འཁོར་མོ་དང་བསྡུར་ན་ཆ་སྙོམས་འཕར་ཐང་ཏུའུ་གཉིས་ཡན་མཐོ་རྒྱུ་རེད།
བརྡ་ཁྱབ་ལས་མངོན་པ་ལྟར་ན། ཨུ་འར་ནོ་ནེ་སྣང་ཚུལ་དེ་སའི་གོ་ལའི་བྱང་ཕྱེད་མའི་སྟོན་དུས་སུ་མུ་མཐུད་དུ་ཇེ་དྲག་ཏུ་ཕྱིན་ནས། དེའི་ཤུགས་རྐྱེན་གོ་ལ་ཧྲིལ་བོའི་ས་ཁོངས་མང་པོར་མཆེད་རྒྱུ་རེད། དྲོད་ཚད་ཐད་ནས་འཕྲེད་ཐིག་ལྷོ་མའི་ཏུའུ་དྲུག་ཅུ་ནས་འཕྲེད་ཐིག་བྱང་མའི་ཏུའུ60བར་གྱི་སྐམ་སའི་ས་ཁོངས་མང་ཤོས་ཀྱི་དྲོད་ཚད་ལོ་རྒྱུན་འཁོར་མོའི་ཆ་སྙོམས་འཕར་ཐང་ལས་མཐོ་སྲིད་པས། འདིས་ཧ་ལམ་གླིང་སྣེའི་ས་ཁུལ་ལས་གཞན་པའི་མི་གྲངས་མང་པོའི་ས་ཁུལ་ཡོངས་ལ་ཁྱབ་རྒྱུ་རེད། ཆར་བ་འབབ་པའི་ཐད་ནས། ཐིག་དམར་ཞི་བདེ་རྒྱ་མཚོ་ཆེན་མོའི་དབུས་རྒྱུད་དང་ཤར་རྒྱུད་ཀྱི་ཆར་ཆུ་འབབ་ཚད་རྒྱུན་ལྡན་ཆུ་ཚད་ལས་མཐོ་བའི་ངེས་པ་ཆེ་ཞིང་། ཚ་རྒྱུད་ཧིན་རྡུ་རྒྱ་མཚོ་ཆེན་པོའི་ས་ཁུལ་ཁ་ཤས་དང་ཧིན་རྡུ་སྐམ་ས་ཆེན་མོ་ཕལ་བ། ཨོ་སི་ཁྲུ་ལི་ཡའི་ས་ཁུལ་མང་ཤོས་ཀྱི་དྲག་ཆར་འབབ་ཚད་རྒྱུན་ལྡན་ཆུ་ཚད་ལས་དམའ་བའི་ངེས་པ་ཆེ།
འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་མཚམས་སྦྱོར་ལྟར་ན། ཨུ་འར་ནོ་ནེ་དོན་རྐྱེན་གྱི་དཔེ་མཚོན་ཁྱད་རྟགས་ནི་ཐིག་དམར་ཞི་བདེ་རྒྱ་མཚོ་ཆེན་མོའི་དབུས་རྒྱུད་དང་ཤར་རྒྱུད་མཚོ་ངོས་ཀྱི་དྲོད་ཚད་ཆ་སྙོམས་ཆུ་ཚད་ལས་མཐོ་བར་འགྱུར་བ་ཡིན། དུས་རྒྱུན་ལོ་གཉིས་ནས་བདུན་བར་དྲོད་ཚད་མཐོ་བའི་རྣམ་པ་གཅིག་བྱུང་བ་དང་། བསྟུད་མར་ཟླ་དགུ་ནས་བཅུ་གཉིས་པར་རྒྱུན་བསྲིངས་པ་རེད། དུས་རྒྱུན་ཟླ3པ་ནས་ཟླ6པའི་བར་རིམ་བཞིན་འཕེལ་ནས་ཟླ11པ་ནས་ཕྱི་ལོའི་ཟླ2པའི་བར་ཆེས་མཐོར་སླེབས་ཏེ། གོ་ལ་ཧྲིལ་བོའི་དྲོད་ཚད་ལ་ཤུགས་རྐྱེན་ཐེབས་ཚད་དེ་དུས་རྒྱུན་བྱུང་བའི་རྗེས་ཀྱི་ལོ་གཉིས་པར་ཆེས་མངོན་གསལ་ཡིན།