འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁོང་ཀོ་ཅིན་གྱི་ཨེ་པོ་ལ་རིམས་ནད་སྔར་བཞིན་མཆེད་ཀྱིན་ཡོད་ཟེར།
ཁུངས། ཀློག་གྲངས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཧྥེ་གླིང་ས་ཁོངས་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་མུའུ་ཧན་མུའུ་ཏི.ཅ་ན་པི་ཡིས་ཚེས3ཉིན་བཤད་རྒྱུར། ཁོང་ཀོ་ཅིན་དུ་གཟའ་འཁོར་རེར་ཨེ་པོ་ལ་རིམས་ནད་གསར་དུ་མཆེད་པའི་ནད་དཔེ་དེ་རིམས་ནད་བྱུང་ཚུན་གྱི་ཆེས་མཐོའི་ཆུ་ཚད་དུ་སླེབས་ཡོད་པ་དང་། རིམས་ནད་སྔར་བཞིན་ཁོང་ཀོ་ཅིན་ཤར་རྒྱུད་ཀྱི་དབྱི་ཐུའུ་ལི་ཞིང་ཆེན་དང་པེ་ཅི་ཝུའུ་ཞིང་ཆེན་དུ་རྒྱུན་མཐུད་ངང་མཆེད་བཞིན་ཡོད་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཧྥེ་གླིང་ས་ཁོངས་དོན་གཅོད་ཁྲུའུ་ཡིས་ཉིན་དེར་དྲ་ལམ་སྒྲོག་སྤེལ་ཚོགས་འདུ་བསྡུས་ཤིང་། ཅ་ན་པི་ཡིས་ཨེ་པོ་ལ་རིམས་ནད་འགོག་སྡོམ་གྱི་ལས་ཀའི་འཕེལ་རིམ་མཚམས་སྦྱོར་བྱས་ཏེ། ཐེངས་འདིའི་པིན་ཏི་པུའུ་ཅའོ་ཡི་ཨེ་པོ་ལ་རིམས་ནད་ནི་ཟིན་ཐོ་བཀོད་ཚུན་གྱི་གཞི་ཁྱོན་ཆེས་ཆེ་བ་ཡིན་ཞིང་། མིག་སྔར་གནས་བབ་སྔར་བཞིན་ཛ་དྲག་ཆེ་ཟེར།

ཅ་ན་པི་ཡིས་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱབ་སྐྱོར་བྱེད་པའི་ནད་ཐོག་སྨན་བཅོས་ཚོད་ལྟ་དེར་སྔོན་ཉི་མར་སྐོར་ཐེངས་ཐོག་མའི་ཨེ་པོ་ལ་ནད་པ་བསྡུ་ལེན་བྱས་པ་དང་། པིན་ཏི་པུའུ་ཅའོ་ཡི་ཨེ་པོ་ལ་ནད་དུག་ལ་དམིགས་ཏེ་སྨན་བཅོས་བྱེད་ཐབས་དཔྱད་འཇོག་བྱ་རྒྱུ་རེད།

ཁོང་ཀོ་ཅིན་དུ་སྡོད་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་མཁས་པ་ཕིས་ཨད་འར.ཨ་ཅི་ལི་མ་ལི་ཡིས་སྒྲོག་སྤེལ་ཚོགས་འདུའི་ཐོག་བཤད་རྒྱུར། ཁོང་ཀོ་ཅིན་ཨེ་པོ་ལ་རིམས་ནད་དེ་བདེ་འཇགས་ཉེན་ཁ་དང་དྲག་ཆས་ཚོགས་པའི་བྱེད་སྒོ་ཡོད་པའི་ས་ཁུལ་དུ་བྱུང་བ་དང་། འདིས་ནད་དཔེ་གསར་རྙེད་དང་འབྲེལ་འདྲིས་པ་རྗེས་འདེད་ལ་དཀའ་ངལ་བཟོས་ཡོད། དེ་ལས་གཞན། དབྱི་ཐུའུ་ལི་ཞིང་ཆེན་གྱི་རིམས་ནད་ས་ཁུལ་ཁ་ཤས་ནི་གཏེར་ཁུལ་ཡིན་པས། ཕྱི་ཡོང་མི་སྣའི་འཁོར་རྒྱུག་མང་བས་ནད་དུག་མཆེད་པའི་ཉེན་ཁ་ཆེ་རུ་ཕྱིན་ཡོད་ཟེར།

ཨ་ཅི་ལི་མ་ལི་ཡིས་ད་རུང་བཤད་རྒྱུར། ཁོང་ཀོ་ཅིན་དུ་ཨེ་པོ་ལ་རིམས་ནད་བྱུང་ནས་སྡེ་ཁུལ་དུ་མི་སྣ་ཤི་ཚད་སྤྱིའི་མི་སྣ་ཤི་ཚད་ཀྱི་གྲངས་ཀ་ལས་བཞི་ཆའི་གསུམ་ཟིན་ཡོད་པ་དང་། འདིས་ནད་པ་མང་ཤོས་དུས་ཐོག་ཏུ་སྨན་ཁང་དུ་སྐྱེལ་མ་ཐུབ་པ་མཚོན་ཡོད་ཟེར།

ཁོང་ཀོ་ཅིན་སྲིད་གཞུང་གིས་ཚེས2ཉིན་གྱི་དགོང་མོར་རིམས་ནད་གཞི་གྲངས་བསྒྲགས་པ་ལྟར་ན། ཚེས1ཉིན་བར། རྒྱལ་ཁབ་འདིའི་སྐོར་ཐེངས་འདིའི་ཨེ་པོ་ལ་རིམས་ནད་ཡར་ཞུ་ཞུས་པ་རིམ་རྩིས་བྱས་ན་གཏན་འཁེལ་ནད་དཔེ1460ཡོད་པ་དང་། དེའི་ཁྲོད་མི་སྣ་ཤི་ཚད447ལ་སླེབས་ཤིང་། ནད་པ595ཟུར་བཀར་བྱེད་བཞིན་པ་དང་ཡང་ན་སྨན་བཅོས་བྱེད་བཞིན་ཡོད། མི213སྨན་བཅོས་དྲག་སྐྱེད་བྱུང་ཡོད།