
ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས་ཚེས3ཉིན་གཞུང་ཕྱོགས་དྲ་བ་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལིན་སི་ཅི་ཡིས་ཨུ་རུ་སུར་ཉིན་བཞི་བཅུའི་རིང་འགུལ་སྐྱོད་བྱེད་པ་བསྒྲགས་པར་དམིགས་ནས། ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས་མི་མེད་གནམ་གྲུ་བཀོལ་ཏེ་ཁི་ལེ་མུས་ཡ་ཡི་དམག་སྤྱོད་གནམ་གྲུ་ཐང་གཉིས་ལ་རྡུང་རྡེག་བཏང་། དེ་ལས་གཞན་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡི་དམག་འཁྲུག་གནས་ཚུལ་གསར་པ་ལྟར་ན། ཟླ6པའི་ཚེས27ཉིན་ནས་ཟླ7པའི་ཚེས3ཉིན་བར། ཨུ་རུ་སུའི་དམག་གི་རྡུང་རྡེག་འགུལ་སྐྱོད་ཀྱིས་ཝུའུ་ཁི་ལན་གྱི་དམག་བཀོལ་སྒྲིག་བཀོད་མང་པོར་གཏོར་བརླག་བཏང་།
ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས་བསྟན་དོན། སཱ་ཅི་གནམ་གྲུ་ཐང་དུ་སུའུ30SM དང་སུའུ-30 སུའུ-24སོགས་དམག་འཐབ་གནམ་གྲུ་བཞག་ཡོད་པའི་གནམ་གྲུའི་མཛོད་ཁང་བདུན་ཡོད་པར་འཇབ་རྒོལ་བྱས། ཐོག་མའི་གནས་ཚུལ་ལྟར་ན། དམག་འཐབ་གནམ་གྲུ་བདུན་ལ་གཏོར་བརླག་ཐེབས་པ་དང་། འདི་ནི་དམག་བཀོལ་གནམ་གྲུ་ཐང་འདིར་གཟའ་འཁོར་གཅིག་གི་རིང་འཇབ་རྒོལ་ཐེངས་གཉིས་པ་ཐེབས་པ་ཡིན།
ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས་བསྟན་དོན། ཅིན་ཝེ་ཅོན་སྡེ་བའི་གནམ་གྲུ་ཐང་དུ་གནམ་གྲུའི་མཛོད་ཁང་གཉིས་ལ་འཇབ་རྒོལ་ཐེབས་པ་དང་། གནམ་གྲུའི་མཛོད་ཁང་ནང་དུ་ཕར་རྒོལ་ཅན་གྱི་མི་མེད་གནམ་གྲུ་དང་མཁའ་སྐྱོད་སྒྲིག་ཆས་བཞག་ཡོད་ཟེར།
ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས་ད་རུང་བསྟན་དོན། ཨུ་རུ་སུའི་དམག་གི་དམག་འཐབ་གནམ་གྲུ་དུས་བཅད་ལྟར་གོང་གསལ་གནམ་གྲུ་ཐང་གཉིས་ནས་འཕུར་ཏེ། ཝུའུ་ཁི་ལན་དུ་འཕུར་མདེལ་འཕེན་གཏོང་བྱས་ནས་ཨུ་རུ་སུའི་དམག་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར།
མིག་སྔའི་བར་དུ། ཨུ་རུ་སུ་ཕྱོགས་ཀྱིས་གནས་ཚུལ་འདིར་ཕྱིར་ལན་བཏབ་མེད།
ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ཐོག་བསྒྲགས་པའི་དམག་འཁྲུག་གནས་ཚུལ་གསར་པ་ལྟར་ན། ཟླ6པའི་ཚེས27ཉིན་ནས་ཟླ7པའི་ཚེས3ཉིན་བར། ཝུའུ་ཁི་ལན་གྱིས་ཨུ་རུ་སུའི་མང་ཚོགས་ལ་འཇབ་རྒོལ་བྱས་པར་ཁ་གཏད་འཇལ་ཆེད། ཨུ་རུ་སུའི་དམག་གི་རྡུང་རྡེག་འགུལ་སྐྱོད་ཀྱིས་ཝུའུ་ཁི་ལན་གྱི་དམག་མཚོན་བཟོ་གྲྭའི་སྒྲིག་བཀོད་དང་། ཝུའུ་ཁི་ལན་གྱིས་བཀོལ་བའི་འབར་རྫས་གློག་ཤུགས། སྐྱེལ་འདྲེན་དངོས་ཟོག་སྒྲིག་བཀོད། ཝུའུ་ཁི་ལན་གྱི་དམག་བཀོལ་གནམ་གྲུ་ཐང་། མདེལ་རྫས་མཛོད། རྒྱང་བསྟེན་མི་མེད་གནམ་གྲུའི་སྡེབ་སྒྲིག་གསོག་ཉར་དང་འཕེན་གཏོང་ར་བ། དེ་བཞིན་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་དང་ཕྱི་རྒྱལ་གླས་དམག་གི་གནས་སྐབས་བཀོད་སྒྲིག་ས་ཚིགས་སོགས་མང་པོར་གཏོར་བརླག་བཏང་ཡོད།