མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨ་མེ་རི་ཁ་དང་དབྱི་ལང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སིའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས8ཉིན་བསྟན་དོན། ཀུའུ་ཐི་ལོས་སི་ཡིས་ཨ་མེ་རི་ཁ་དང་དབྱི་ལང་བར་ཡང་བསྐྱར་འཁྲུག་རྩོད་བྱུང་བར་ཧ་ལས་པའི་ཚུལ་བསྟན་པ་དང་། ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཏིས་ཡཱ་ལི་ཁི་ཡིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་ལང་བར་བླངས་པའི་ཕྱི་འབྲེལ་གྱི་གྲུབ་འབྲས་དེ་ངལ་བ་འབྲས་མེད་དུ་ལོག་པའི་ཉེན་ཁ་འབྱུང་བཞིན་ཡོད་ལ། ཕྱོགས་གཉིས་ཡང་བསྐྱར་ཕན་ཚུན་དགྲ་རུ་ལངས་ན་ས་ཁུལ་གྱི་མི་དམངས་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས། དེ་མིན་གོ་ལ་ཧྲིལ་བོའི་དཔལ་འྦཡོར་བཅས་ལ་ཆགས་འཇིག་རང་བཞིན་གྱི་མཇུག་འབྲས་འབྱུང་སྲིད་ཟེར།

ཏིས་ཡཱ་ལི་ཁི་ཡིས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཕྱོགས་སོ་སོས་ཚད་ཆེན་པོས་རང་ཚོད་བཟུང་ནས། གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བའི་འགུལ་སྐྱོད་གང་རུང་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། མྱུར་དུ་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་སྤྱོད་དགོས་ཟེར། ཞོར་དུ་ཀུའུ་ཐི་ལོས་སི་ཡིས་ཕྱོགས་སོ་སོར་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་བྱེད་པའི་འོས་འགན་ཡོད་པའི་གསལ་འདེབས་བྱས་པ་དང་། ཨ་མེ་རི་ཁ་དང་དབྱི་ལང་གིས་མྱུར་མོར་གྲོས་མོལ་སླར་གསོ་བྱས་ཤིང་། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།

ཨ་མེ་རི་ཁའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས7ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་ལང་གི་དམིགས་འབེན80ལྷག་ལ་ཆམ་ཕབ་བཏང་སྟེ། དབྱི་ལང་གིས་ཧའོ་ཨར་མུའུ་ཙི་མཚོ་འགག་བརྒྱུད་པའི་ཚོང་དོན་གྲུ་གཟིངས་གསུམ་ལ་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲད། དེ་ལས་གཞན་ཨ་མེ་རི་ཁ་ཕྱོགས་ཀྱིས་ཚེས7ཉིན་ཉེ་སྔོན་དབྱི་ལང་རྡོ་སྣུམ་གྱི་ཐོན་སྐྱེད་དང་རྩིས་སྤྲོད། ཕྱིར་འཚོང་བཅས་ཀྱི་ཉིན་དྲུག་ཅུའི་རིང་གི་ཆོག་མཆན་དབང་ཆ་རྩིས་མེད་དུ་བཏང་སྟེ། དབྱི་ལིང་གི་རྡོ་སྣུམ་གྱི་བཀག་སྡོམ་སླར་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས། དབྱི་ལིང་ཕྱོགས་ཀྱིས་ཨ་མེ་རི་ཁས་བཟོད་སྒོམ་བརྗེད་ཐོར་འགལ་བའི་བྱ་སྤྱོད་སྤེལ་བར་རྒོལ་གཏམ་བཏང་བར་མ་ཟད་མྱུར་མོར་རྒོལ་ལན་སྤྲད་པ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།