ཨེ་ཅིབ་དང་ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་བསྡུར་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨེ་ཅིབ་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་ཚེས9ཉིན་གསར་འགོད་པར་བཤད་རྒྱུར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་འགོ་ཁྲིད་རིམ་པའི་འཐུས་ཚབ་ཚོགས་པས་ཉིན་དེར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་ཨེ་ཅིབ་དཔོན་ཕྱོགས་དང་གྲོས་མོལ་བྱས། གཙོ་བོ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་གཉིས་པའི་དངོས་འབེབས་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

མིང་བཤད་མི་འདོད་པའི་འབྲེལ་ཡོད་མི་སྣ་དེས་བཤད་རྒྱུར། ཧཱ་མཱ་སིའི་མཐོ་རིམ་དཔོན་རིགས་ཀྱིས་གྲུབ་པའི་འཐུས་ཚབ་ཚོགས་པས་གྲོས་མོལ་བྱེད་སྐབས། ཅཱ་ཧྲ་ས་ཁུལ་གྱི་སྲིད་འཛིན་དོ་དམ་དབང་ཆ་དེ་ཅཱ་ཧྲའི་རྒྱལ་ཁབ་སྲིད་འཛིན་ཨུ་ཡོན་ལྷན་ཁང་ལ་སྤྲོད་རྒྱུ་ཡིན་པ་དང་། མཚོན་ཆ་དག་ཨུ་ཡོན་ལྷན་ཁང་དེར་སྤྲད་ནས་དོ་དམ་བྱེད་དུ་འཇུག་པར་འཐད་པ་ཡིན་པའི་ཚུལ་བསྟན། ཧཱ་མཱ་སིའི་འཐུས་ཚབ་ཚོགས་པས་ད་རུང་བསྟན་དོན། ཞི་བདེ་སྲུང་སྐྱོབ་དམག་དཔུང་དང་ཅཱ་ཧྲའི་རྒྱལ་ཁབ་སྲིད་འཛིན་ཨུ་ཡོན་ལྷན་ཁང་གིས་བྱ་བ་སྤེལ་བར་སྟབས་བདེ་བཟོས་ཏེ། ཅཱ་ཧྲའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་གཉིས་པའི་དངོས་འབེབས་ལ་རྨང་འདིང་འདོད་ཡོད་ཟེར།

འབྲེལ་ཡོད་མི་སྣ་དེ་ད་རུང་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་བར་འདུམ་བྱེད་མཁན་ལ་ཨ་མེ་རི་ཁས་བཏོན་པའི་ཞི་བདེ་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཞིག་འབྱོར་ཡོད་ཅིང་། ནང་དོན་ནི་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་ཚོད་ལྟའི་ས་ཁོངས་ཤིག་འཛུགས་རྒྱུ་དེ་རེད། ས་ཁོངས་དེར་ཅཱ་ཧྲའི་རྒྱལ་ཁབ་སྲིད་འཛིན་ཨུ་ཡོན་ལྷན་ཁང་གིས་བདེ་འཇགས་ཞིབ་བཤེར་བྱས་རྗེས་སྡོད་དམངས་ཁྲི་ཕྲག་འགའ་ཤོང་ཐུབ་པ་རེད།

ཧཱ་མཱ་སི་ཡིས་ཚོད་འཛིན་བྱེད་པའི་ཅཱ་ཧྲ་ས་ཁུལ་གྱི་སྲིད་གཞུང་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས6ཉིན་ཁྱབ་བསྒྲགས་བྱས་དོན། ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་དུ་ཡོད་པའི་བྲེལ་མྱུར་ཨུ་ཡོན་ལྷན་ཁང་གཏོར་ནས། ཅཱ་ཧྲ་ས་ཁུལ་གྱི་སྲིད་འཛིན་དོ་དམ་དབང་ཆ་དེ་ཅཱ་ཧྲའི་རྒྱལ་ཁབ་སྲིད་འཛིན་ཨུ་ཡོན་ལྷན་ཁང་ལ་སྤྲོད་རྩིས་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།