ཨ་མེ་རི་ཁ་དང་དབྱི་ལང་གིས་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་ལག་རྩལ་རང་བཞིན་གྱི་གྲོས་མོལ་བྱེད་བཞིན་ཡོད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་ཚེས9ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་གཟའ་འཁོར་འདིར་དབྱི་ལང་ལ་སྐོར་ཐེངས་གསར་བའི་འཇབ་རྒོལ་བྱས་ཀྱང་། ཨ་མེ་རི་ཁའི་དཔོན་རིགས་ཤིག་གིས་བསྟན་དོན། ཨ་མེ་རི་ཁ་དང་དབྱི་ལང་ཕྱོགས་གཉིས་ཀྱིས་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་ལག་རྩལ་རང་བཞིན་གྱི་གྲོས་མོལ་སྤེལ་ཏེ། ཕྱི་འབྲེལ་གྱི་ཐག་གཅོད་ཇུས་གཞི་འགོད་པར་རེ་བཞིན་ཡོད་ཟེར།

དཔོན་རིགས་དེས་བཤད་རྒྱུར། ཨ་མེ་རི་ཁས་སྔར་བཞིན་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་། ལག་རྩལ་རང་བཞིན་གྱི་གྲོས་མོལ་ཡང་མུ་མཐུད་དུ་སྤེལ་བཞིན་ཡོད། དབྱི་ལང་ལ་ཉིང་རྡུལ་ནུས་པའི་མཚོན་ཆ་གཏན་ནས་ཡོད་མི་རུང་ཟེར།

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས8ཉིན་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་ནས་བྱང་ཆིངས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་སྐབས་བཤད་རྒྱུར། ཁོས་བལྟས་ན་ཨ་མེ་རི་ཁ་དང་དབྱི་ལང་གིས་བཀོད་པའི་བཟོད་སྒོམ་བརྗེད་ཐོ་མཇུག་སྒྲིལ་ཡོད་ལ། དབྱི་ལང་བར་ཡང་བསྐྱར་འབྲེལ་བ་བྱེད་འདོད་མེད་ལ། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེའི་དགོང་མོར་ཡང་བསྐྱར་དབྱི་ལང་ལ་ཆམ་ཕབ་དྲག་པོ་གཏོང་ངེས་ཡིན་ཟེར། ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཚེས9ཉིན་བསྒྲགས་པ་ལྟར་ན། དབྱི་ལང་ཕྱོགས་ཀྱིས་ཅང་མ་འགོར་བའི་སྔོན་ཁ་པར་བཏང་སྟེ། ཁོ་ཚོས་གྲོས་མཐུན་འགོད་པར་རེ་བ་ཆེན་པོ་བྱེད་བཞིན་ཡོད་ཟེར།

ཨ་མེ་རི་ཁའི་དམག་དཔུང་གིས་ཚེས7དང་ཚེས8ཉིན་དབྱི་ལང་གིས་ཉེ་སྔོན་ཧའོ་ཨར་མུའུ་ཙི་མཚོ་འགག་བརྒྱུད་པའི་ཚོང་དོན་གྲུ་གཟིངས་ལ་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲོད་པ་རྒྱུ་མཚན་དུ་བྱས་ཏེ། བསྟུད་མར་ཉིན་གཉིས་རིང་དབྱི་ལང་ལ་དམག་དོན་ཆམ་ཕབ་བཏང་བ་དང་། དབྱི་ལང་གིས་ཨ་མེ་རི་ཁའི་པཱ་ལིན་དང་ཁི་ཝེ་ཐི། ཁཱ་ཐར། ཅོར་ཏན་སོགས་རྒྱལ་ཁབ་ཏུ་ཡོད་པའི་སྒྲིག་ཆས་ལ་འཕུར་མདའ་དང་མི་མེད་གནམ་གྲུ་བཀོལ་ནས་འཇབ་རྒོལ་བྱས།

བསོད་ནམས་ཚེ་རིང་གིས་བསྒྱུར།