ཁུ་པཱའི་སྤྱི་ཚོགས་གཞི་གྲངས་ཅན་གྱི་ཚུལ་བསྒྱུར་རྣམ་གྲངས་དངོས་སུ་ལག་བསྟར་བྱེད་མགོ་བརྩམས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཁུ་པཱའི་སྤྱི་ཚོགས་གཞི་གྲངས་ཅན་གྱི་ཚུལ་བསྒྱུར་རྣམ་གྲངས་མགོ་རྩོམ་པའི་མཛད་སྒོ་དེ་ཚེས9ཉིན་ཁུ་པཱའི་རྒྱལ་ས་ཧཱ་ཝ་ནཱ་ནས་སྤེལ། ཁུ་པཱའི་འཕྲིན་གཏོང་པུའུ་ཀྲང་ཨ་ལོས་ཝེ་ཆི་དང་། ཁུ་པཱ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གི་འཐུས་མི་གཞོན་པ་པའོ་ཏིས་ནོའུ། ཁུ་པཱའི་གཞི་གྲངས་སྲིད་གཞུང་ལྟེ་གནས་ཀྱི་ཀྲུའུ་རེན་ཀང་སཱ་ལོས་སི། ཁུ་པཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྭ་ཞི་སོགས་བྱ་འགུལ་ལ་ཞུགས།

མཚམས་སྦྱོར་བྱས་པ་ལྟར་ན། ཁུ་པཱའི་སྤྱི་ཚོགས་གཞི་གྲངས་ཅན་གྱི་ཚུལ་བསྒྱུར་རྣམ་གྲངས་ནི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཐེབས་རྩས་དངུལ་གཏོང་རོགས་སྐྱོར་བྱས་པའི་ཕྱོགས་གསུམ་གྱི་མཉམ་ལས་རྣམ་གྲངས་ཤིག་ཡིན་པ་དང་། དམིགས་ཡུལ་ནི་ཁུ་པཱའི་འཕྲིན་གཏོང་དང་གཞི་གྲངས་ཅན་གྱི་ཞབས་ཞུའི་ལག་རྩལ་གྱི་རྨང་གཞིའི་སྒྲིག་ཆས་དེང་རབས་ཅན་གྱི་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། ཁུ་པཱའི་མང་ཚོགས་ལ་གཞི་གྲངས་ཅན་གྱི་སྤྱི་བའི་ཞབས་ཞུ་ཐོབ་པར་སྟབས་བདེ་བཟོ་ཆེད་རེད།

ཨ་ལོས་ཝེ་ཆི་ཡིས་ཁུ་པཱའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ཀྲུང་གོའི་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གིས་ཁུ་པཱ་ལ་དཀའ་སྡུག་ཆེ་བའི་གནས་བབ་འོག་བློ་བརྟན་འགྱུར་མེད་ཀྱིས་ཁུ་པའི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱས་པར་བཀའ་དྲིན་ཞུས་པ་དང་། མཉམ་ལས་རྣམ་གྲངས་དེས་ཁུ་པཱའི་གཞི་གྲངས་ཅན་གྱི་ཚུལ་བསྒྱུར་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། གཞི་གྲངས་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཁུ་པཱའི་མི་དམངས་ཀྱི་ཕན་བདེ་མཐོར་འདེགས་གཏོང་ཐུབ་ཟེར།

པའོ་ཏིས་ནོའུ་ཡིས་ཀྲུང་གོའི་སྲིད་གཞུང་གིས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཐེབས་རྩ་བརྒྱུད་དེ་རྣམ་གྲངས་དེ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གིས་ལག་བསྟར་དང་ཉོ་སྡུད། གན་རྒྱའི་དོ་དམ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་འདོན་སྤྲོད་བྱས་ཏེ། རྣམ་གྲངས་དེ་སྤུས་ཚད་མཐོ་བའི་སྒོ་ནས་ལག་བསྟར་བྱེད་པར་རོགས་འདེགས་བྱེད་རྒྱུ་ཡིན་ཟེར།

ཁུ་པཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྭ་ཞི་ཡིས་བསྟན་དོན། ཁུ་པཱའི་སྤྱི་ཚོགས་གཞི་གྲངས་ཅན་གྱི་ཚུལ་བསྒྱུར་རྣམ་གྲངས་ནི་ཀྲུང་གོའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་མཉམ་དུ་ཁུ་པཱ་ནས་སྤེལ་བའི་ཕྱོགས་གསུམ་གྱི་མཉམ་ལས་རྣམ་གྲངས་ཐོག་མ་ཡིན་པ་དང་། ཀྲུང་གོ་དང་ཁུ་པཱས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་ལག་ལེན་གསར་བ་ཡིན་ལ། ཀྲུང་གོའི་ཕྱོགས་མང་རིང་ལུགས་ལག་ལེན་བྱེད་པའི་སྣང་ཚུལ་གསོན་ཉམས་ལྡན་པ་ཞིག་ཀྱང་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་སོ་སོའི་བར་གྱི་རོགས་ལས་ལ་ཤུགས་སྣོན་བྱེད་པ་དང་། ཁུ་པཱ་རང་སྟེང་གི་གནས་ཚུལ་དང་འཚམ་པའི་གཞི་གྲངས་ཅན་གྱི་ཚུལ་བསྒྱུར་བགྲོད་ལམ་དུ་ཞུགས་པར་རོགས་འདེགས་བྱེད་འདོད་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།