
དབྱི་ལང་གི་འཐུས་མིས་ཚེས9ཉིན་རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་བརྒྱ་དང་སོ་བདུན་པའི་སྟེང་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁའི་འདས་པའི་ཉིན་གཉིས་ནང་དབྱི་ལང་གི་གྲུ་ཁ་དང་མཚོ་འགྲམ་ས་ཁུལ། མཚོ་དོན་རྨང་གཞིའི་སྒྲིག་ཆས་བཅས་ལ་དམིགས་ཏེ་དམག་དོན་བཙན་འཛུལ་བྱས་པའི་བྱ་སྤྱོད་སྤེལ་བར་རྒོལ་གཏམ་དྲག་པོ་བཏང་།
དབྱི་ལང་གི་འཐུས་མིས་བཤད་རྒྱུར། ཨ་མེ་རི་ཁས་ཆམ་ཕབ་གཏོང་ཡུལ་ལ་དབྱི་ལིང་ཆཱ་པཱ་ཧཱ་ཨར་གྲུ་ཁའི་མཚོ་ཐོག་འགྲིམ་འགྲུལ་དོ་དམ་བྱེད་ས་དང་དམངས་བཀོལ་ཉ་བདའི་གྲུ་གཟིངས། ཆེད་དུ་མཚོ་འགྲུལ་བདེ་འཇགས་ལ་འགན་སྲུང་དང་མཚོ་ཐོག་བདེ་སྲུང་ལ་བཀོལ་བའི་སྒྲིག་ཆས་བཅས་འདུས། དེ་ནི་དབྱི་ལང་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་དམིགས་ཏེ་ཁྲིམས་འགལ་གྱི་དྲག་ཤུགས་སྤྱད་པ་ཡིན་ལ། ཐད་ཀར་དུ་མི་སེ་དཀྱུས་མའི་ཚེ་སྲོག་དང་གྲུ་བའི་བདེ་འཇགས། ཚོང་ལས་སྐྱེལ་འདྲེན། རྒྱ་མཚོའི་ཁོར་ཡུག་བཅས་ལ་ཉེན་ཁ་བཟོས་ཡོད་ཟེར།
དབྱི་ལང་གི་འཐུས་མིས་ཨ་མེ་རི་ཁས་ཕྱོགས་གཅིག་ནས་མཚོ་ཐོག་འགྲུལ་བཞུད་ཀྱི་རང་དབང་ལ་སྲུང་སྐྱོབ་བྱེད་དགོས་པར་བཤད་པ་དང་། ཕྱོགས་གཞན་ཞིག་ནས་མཚོ་ཐོག་གི་འགྲིམ་འགྲུལ་དོ་དམ་སྒྲིག་ཆས་དང་གྲུ་གཟིངས་དང་གྲུ་བར་སྲུང་སྐྱོབ་བྱེད་ཆེད་བཙུགས་པའི་བདེ་འཇགས་སྒྲིག་ཆས་ལ་ཆམ་ཕབ་བཏང་བར་སྐྱོན་བརྗོད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།