
སི་རི་ཡཱའི་མི་དམངས་གྲོས་ཁང་གིས་ཚེས12ཉིན2024ལོའི་སི་རི་ཡཱའི་སྲིད་འགྱུར་ཚུན་གྱི་གྲོས་ཚོགས་ཐོག་མ་བསྡུས་ཏེ། གྲོས་དཔོན་དང་གྲོས་དཔོན་གཞོན་པ་གཉིས། དྲུང་ཡིག་ཆེན་མོ་གཅིག་བཅས་བདམས་ཐོན་བྱུང་།
ཐེངས་འདིའི་གྲོས་ཚོགས་སྟེང་། གྲོས་མི་རྣམས་ཀྱིས་སི་རི་ཡཱའི་བར་བརྒལ་སྲིད་གཞུང་གི་སྲིད་འཛིན་ཧྲ་ལཱ་ཡི་མདུན་ནས་མཉམ་དུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། དེའི་རྗེས་སུ་འདེམ་ཤོག་འཕངས་ནས་ཨ་ཝ་ཁི་གྲོས་དཔོན་དུ་བདམས་ཐོན་བྱུང་།
སི་རི་ཡཱའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་ཝ་ཁི་ནི་རྩ་ཁྲིམས་བསྒྲགས་གཏམ་རྩོམ་འབྲིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡིན་ཞིང་། 1998ལོ་ནས2014ལོའི་བར་སི་རི་ཡཱའི་ཁྲིམས་འཛིན་པུའུ་རུ་བློ་འདོན་ཁྲིམས་དཔོན་གྱི་འགན་ཁུར་མྱོང་།
སི་རི་ཡཱའི་མི་དམངས་གྲོས་ཁང་ལ་བསྡོམས་པས་གྲོས་མིའི་ལས་གནས210ཡོད་ཅིང་། དེའི་ནང་སུམ་ཆའི་གཅིག་ཧྲ་ལཱ་ཡིས་ཐད་ཀར་བསྐོ་འཇོག་བྱེད་པ་དང་། སུམ་ཆའི་གཉིས་ས་ཁུལ་འདེམ་བསྐོ་ཚོགས་པས་འདེམ་བསྐོ་བྱེད་པ་ཡིན།
སི་རི་ཡཱའི་མི་དམངས་གྲོས་ཁང་འདེམ་བསྐོའི་མཐོ་རིམ་ཨུ་ཡོན་ལྷན་ཁང་གིས་ཟླ7པའི་ཚེས1ཉིན་ཧྲ་ལཱ་ཡིས་མི་དམངས་གྲོས་ཁང་གི་གྲོས་མི70བསྐོ་འཇོག་བྱས་པའི་མིང་ཐོ་ཁྱབ་བསྒྲགས་བྱས། ད་ལྟའི་བར་སི་རི་ཡཱའི་མི་དམངས་གྲོས་ཁང་གྲོས་མི་ཚང་མའི་མིང་ཐོ་ལ་ཨུ་ཡོན་ལྷན་ཁང་དེའི་ཁས་ལེན་ཐོབ་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།