
ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཧྥ་ཧི་མུས་ཀྱིས་ཚེས13ཉིན་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་ལས་འགན་ཁུར་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐོག་མ་སྤེལ་ཏེ། ཨ་རབ་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་དང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་བཅོས་བསྒྱུར། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བ་སོགས་གྲོས་གཞིའི་ཐད་ནས་སྲིད་སྐྱོང་འདོད་བློ་རྒྱས་བཤད་བྱས།
ཧྥ་ཧི་མུས་ཀྱིས་ནན་གྱིས་བསྟན་དོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཨ་རབ་རྒྱལ་ཁབ་གང་རུང་གི་བདག་དབང་ལ་གནོད་སྐྱེལ་བའི་བྱ་སྤྱོད་དེར་དབུས་གནས་ཀྱི་ལངས་ཕྱོགས་འཛིན་མི་སྲིད་ཟེར། ཁོས་ཨ་རབ་རྒྱལ་ཁབ་དག་གིས་གནད་དོན་དེའི་ཐད་གཅིག་གྱུར་གྱི་ལངས་ཕྱོགས་འཛིན་དགོས་པའི་འབོད་སྐུལ་བཏང་། ཁོས་བསྟན་དོན། ཨ་རབ་རྒྱལ་ཁབ་ཀྱི་བདེ་འཇགས་དེ་དམག་དོན་རིམ་པ་ཁོ་ནར་ཚོད་འཛིན་བྱེད་མི་རུང་བ་དང་། མཚོ་དམར་དང་མཚོ་ཁུགས་ཀྱི་བདེ་འཇགས། མཚོ་ཐོག་འགྲིམ་འགྲུལ་གྱི་བདེ་འཇགས། ནུས་ཁུངས་བདེ་འཇགས། མཁོ་འདོན་མུ་འབྲེལ་བདེ་འཇགས། དེ་མིན་ཆུ་ཁུངས་བདེ་འཇགས་དང་འབྲུ་རིགས་བདེ་འཇགས་སོགས་ཀྱང་འདུས་ཡོད་ཟེར།
ཕཱ་ལེ་སི་ཐན་གྱི་གནད་དོན་གླེང་སྐབས་ཧྥ་ཧི་མུས་ཀྱིས་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་གྱི་གནད་དོན་ནི་ཨ་རབ་རྒྱལ་ཁབ་དག་གི་དཀྱིལ་སྙིང་གནད་དོན་ཡིན་པ་དང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་མུ་མཐུད་དུ་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ་གཞན་གྱིས་བཙན་བཟུང་བྱེད་པའི་སྣང་ཚུལ་མཇུག་སྒྲིལ་དུ་འཇུག་རྒྱུ་ཡིན་ཟེར། ཁོས་བསྟན་དོན། ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མ་དང་། སྨན་ཁང་། སློབ་གྲྭ། ཉེན་གཡོལ་ལྟེ་གནས་བཅས་ལ་དམིགས་པའི་འཇབ་རྒོལ་དང་། བཀག་སྡོམ་དང་ལྟོགས་སྡུག་མྱོང་དུ་འཇུག་པའི་སྲིད་ཇུས། དེ་མིན་གནས་སྤོར་བྱེད་དུ་འཇུག་པ་བཅས་གང་ཡིན་ཡང་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་འགལ་བའི་བྱ་སྤྱོད་རེད་ཟེར།
ཧྥ་ཧི་མུས་ཀྱིས་བསྟན་དོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་བཅོས་བསྒྱུར་ནི་ཨ་རབ་མནའ་འབྲེལ་གྱི་དུས་རིམ་རྗེས་མའི་བྱ་བ་གཙོ་བོ་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ངེས་པར་དུ་ཨ་རབ་ཀྱི་ལས་དོན་ཐག་གཅོད་དང་རང་འགུལ་གྱིས་ས་ཁུལ་ཉམས་ཉེན་ཐག་གཅོད་བྱེད་པའི་སྲོག་ཤིང་ནུས་པ་སླར་གསོ་བྱས་ཏེ། ཨ་རབ་ཀྱི་ལས་དོན་སྣ་ཚོགས་ཁྲོད་སྔར་ལས་ནུས་ལྡན་གྱི་འགུལ་སྐྱོད་སྤེལ་དགོས་ཟེར།
ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་སྐོར་ལ་ལན་འདེབས་སྐབས་ཧྥ་ཧི་མུས་ཀྱིས་བསྟན་དོན། ཨ་རབ་དང་ཀྲུང་གོའི་མཉམ་ལས་ལ་སྦས་ཤུགས་ཆེན་པོ་ཡོད་ཅིང་། ཕྱོགས་གཉིས་ཀྱིས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ནུས་ཁུངས་དང་དཔལ་འབྱོར་ཉོ་ཚོང་སོགས་སྲོལ་རྒྱུན་གྱི་ཁྱབ་ཁོངས་ལས་བརྒལ་ནས། སྔོན་ཐོན་ལག་རྩལ་དང་མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་སྔར་ལས་མང་བོར་རྒྱ་བསྐྱེད་དེ། མཉམ་ལས་ཀྱི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། ཨ་རབ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས། ཨ་རབ་རྒྱལ་ཁབ་དང་ཀྲུང་གོས་མིག་སྔར་དང་མ་འོངས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་དམིགས་ནས་འཐབ་ཇུས་གྲོས་མོལ་ལ་ཤུགས་སྣོན་དགོས་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་འཇོག་དང་དངོས་འབེབས་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།