མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་བོའི་ཚན་རིག་གི་བར་ཁྱད་ཁ་གསབ་བྱེད་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཚེས15ཉིན་ཧྥ་རན་སིའི་ཕཱ་རེ་སི་ནས2026ལོའི་ཚན་རིག་གིས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ལོ་ངོ་བཅུ་ཞེས་པའི་གོ་ལ་ཧྲིལ་བོའི་གྲོས་ཚོགས་བསྡུས་པར་མ་ཟད། ཚན་རིག་གིས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ལོ་ངོ་བཅུ་ཞེས་པའི་གྲོས་འདོན་དཔྱད་འཇོག་སྙན་ཞུ་སྤེལ།

སྙན་ཞུ་ལས་མངོན་པ་ལྟར་ན། གོ་ལ་ཧྲིལ་བོའི་ཚན་རིག་བར་ཁྱད་སྔར་བཞིན་ཡོད་པ་དང་། ཚན་རིག་ཐོན་ཁུངས་ཀྱི་ཁྱབ་ཚུལ་སྔར་བཞིན་དོ་མཉམ་མིན་པར་མངོན། སྙན་ཞུ་ལས་རྣམ་གྲངས་ལག་བསྟར་གྱི་གནད་དོན་ཐད་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གྲོས་གཞི་བཏོན་ཡོད།

2024ལོར་མགོ་བརྩམས་པའི་ཚན་རིག་གིས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ལོ་ངོ་བཅུ་ཞེས་པའི་སྙན་ཞུ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་ལག་བསྟར་བྱས་པའི་གོ་ལ་ཧྲིལ་བོའི་གྲོས་གཞི་ཞིག་ཡིན་པ་དང་། དམིགས་ཡུལ་ནི་ཚན་རིག་གི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། མཉམ་དུ་ནམ་ཟླའི་འགྱུར་ལྡོག་དང་འདྲ་མཉམ་མིན་པ། གསར་དར་ལག་རྩལ་གྱི་བཅོས་སྐྱོང་སོགས་གོ་ལ་ཧྲིལ་བོའི་འགྲན་རྩོད་ཐག་གཅོད་བྱེད་ཆེད་རེད།

དཔྱད་འཇོག་སྙན་ཞུ་གསར་བ་དེས་རྒྱལ་ཁབ་བདུན་ཅུ་ལྷག་གི་ཚན་རིག་དང་འབྲེལ་བའི་རྣམ་གྲངས397གྱི་གཞི་གྲངས་གཞིར་བཟུང་སྟེ། ཚན་རིག་གིས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ལོ་ངོ་བཅུ་ཞེས་པ་མགོ་བརྩམས་པའི་ཐོག་མའི་ལོ་གཉིས་ཀྱི་འཕེལ་རྒྱས་ལ་དཔྱད་འཇོག་བྱས།

སྙན་ཞུ་ལས་མངོན་པ་ལྟར་ན། མིག་སྔར་གོ་ལ་ཧྲིལ་བོར་མེ་སྒོར་བྱེ་བ་ལྔའི་མ་དངུལ་ཚན་རིག་དང་འབྲེལ་བའི་རྣམ་གྲངས་ཐད་བཏང་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན17ལ་ཁེབས་ཡོད། ཡིན་ཡང་ཚན་རིག་གི་ཐོན་ཁུངས་ཁྱབ་ཚུལ་སྔར་བཞིན་དོ་མཉམ་མིན། ཨ་ཧྥེ་རི་ཁ་གླིང་གི་མི་གྲངས་ཟིན་ཚད་ཀྱིས་འཛམ་གླིང་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི17ལྷག་ཟིན་ཡོད་ཀྱང་། ས་ཁུལ་དེ་ཚན་རིག་གིས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ལོ་ངོ་བཅུ་ཞེས་པའི་ནང་ཞུགས་པའི་རྣམ་གྲངས་ཁ་གྲངས་བརྒྱ་ཆའི་བཅུ་ཡང་མེད། དེ་ལས་གཞན་ཚན་རིག་གིས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ལོ་ངོ་བཅུ་ཞེས་པའི་རིགས་སྣ་ཚོགས་ཀྱི་རྣམ་གྲངས་ཁྲོད། བརྒྱ་ཆའི་བཞི་བཅུའི་རྣམ་གྲངས་མཐུན་སྦྱོར་གནད་དོན་ཡིན་པ་ལས་མ་དངུལ་གནད་དོན་མིན་པའི་དབང་གིས་བཀག་རྒྱ་གཙོ་བོའི་ནང་བཞག་ཡོད། དེ་ལས་མིག་སྔར་བཅོས་སྐྱོང་གི་ཞན་ཆ་ཡོད་པས་མ་དངུལ་ཁོ་ནར་བརྟེན་ན་ཁ་གསབ་བྱེད་ཐབས་མེད་པ་མཚོན་ཡོད་ཟེར།

སྙན་ཞུ་ལས་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གྲོས་གཞི་ལྔ་བཏོན་ཡོད་དེ། ཚན་ཞིབ་དཔྱད་འཇོག་བྱེད་ཐབས་ཀྱི་བཅོས་བསྒྱུར་དང་། ཚན་རིག་རྨང་གཞིའི་སྒྲིག་ཆས་དང་ཚན་རིག་ཤེས་བྱའི་འདྲ་མཉམ་ལོངས་སྤྱོད། ཚན་རིག་པ་དང་ཇུས་འདོན་མཁན་བར་ཐད་ཀར་འབྲེལ་བ་འཛུགས་པ། མང་ཚོགས་ཀྱིས་ཚན་རིག་ལ་བཟུང་བའི་ཡིད་ཆེས་སླར་གསོ་བྱེད་པ། འགན་འཁུར་བའི་སྒོ་ནས་མི་ཐབས་རིག་ནུས་སོགས་གསར་དར་ལག་རྩལ་བཅོས་བསྐྱོང་བྱེད་པ་བཅས་འདུས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ནཱ་ནེ་ཡིས་བཤད་རྒྱུར། འཛམ་གླིང་ལ་ཚན་རིག་ཤེས་བྱ་དཀོན་པ་མིན་ཡང་། ང་ཚོར་ད་ལྟ་མཁོ་བ་ནི་སྔར་ལས་འཐུས་སྒོ་ཚང་བའི་མ་ལག་ཡིན་ལ། ཤེས་བྱ་དེ་དག་གིས་མིའི་རིགས་དང་སའི་གོ་ལར་ཞབས་འདེགས་བྱེད་དུ་འཇུག་དགོས། ཚན་རིག་གིས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ལོ་ངོ་བཅུ་ཞེས་པ་མགོ་བརྩམས་ནས་ལོ་ངོ་གཉིས་རིང་། གོ་ལ་ཧྲིལ་བོའི་ཚན་རིག་པས་སྤྱིར་བཏང་མ་ཡིན་པའི་གསོན་ཤུགས་ལ་བརྟེན་ནས་འགུལ་སྐྱོད་སྤེལ། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་རྒྱབ་སྐྱོར་འོག གནས་བབ་དེ་སྲིད་ཇུས་དང་སྔོན་རྩིས། ཚད་འཇལ་བྱས་ཆོག་པའི་གྲུབ་འབྲས་སུ་བསྒྱུར་དགོས་ཟེར།

ཚོགས་ཡུན་ཉིན་གསུམ་ཡིན་པའི་གོ་ལ་ཧྲིལ་བོའི་གྲོས་ཚོགས་ནས་འགུལ་སྐྱོད་ཁྲོད་ཀྱི་ཚན་རིག་སྟེ། མི་ཚང་མའི་ཆེད་དུ་རྒྱུན་མཐུད་དང་འདྲ་མཉམ་གྱི་མ་འོངས་པ་གསར་བསྐྲུན་བྱེད་ཅེས་པ་བརྗོད་སྙིང་དུ་བཟུང་ཡོད། རྒྱལ་ཁབ་སོ་སོའི་སྲིད་གཞུང་གི་འཐུས་མི་དང་ཚན་རིག་པ་སོགས་མི800ལྷག་གྲོས་ཚོགས་ལ་ཞུགས་ཡོད། ཁོ་ཚོས་ཚན་རིག་གི་བར་ཁྱད་ཁ་གསབ་དང་ཚན་རིག་སྒོ་འབྱེད་ཀྱི་དམ་བཅའ་དེ་དོན་དངོས་འགུལ་སྐྱོད་དུ་བྱེད་པ། མང་ཚོགས་ཀྱིས་ཚན་རིག་ལ་བཅངས་པའི་ཡིད་ཆེས་སླར་གསོ་བྱེད་པ་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།