
ཀྲུང་གོ་དང་ཁི་ལོ་ཏི་ཡཱའི་ཉེན་དོན་མཉམ་འབྲེལ་སྐོར་ཞིབ་ཐེངས་བདུན་པ་ཚེས15ཉིན་ཁི་ལོ་ཏི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ནས་སྤེལ་མགོ་བརྩམས།ཀྲུང་གོའི་ཉེན་རྟོག་པ་བརྒྱད་ཀྱིས་ཁི་ལོ་ཏི་ཡཱའི་ལས་རོགས་དང་མཉམ་དུ། ཁི་ལོ་ཏི་ཡའི་རྒྱལ་ས་སཱ་ཀི་ལེ་པུའུ་སོགས་ས་ཁུལ་དུ་དུས་ཡུན་ཟླ་ངོ་གཅིག་རིང་ཉེན་དོན་མཉམ་འབྲེལ་སྐོར་ཞིབ་བྱེད་རྒྱུ་རེད།
ཁི་ལོ་ཏི་ཡཱི་ནང་སྲིད་པུའུ་ཡི་རྒྱལ་སྲིད་ཀྲུང་ཡིག་ཕའེ་ཐི་ལི་ཡེ་ཧྥུའུ་ཁྲ་ཉིང་གིས་ཞུ་ཚིག་འབུལ་སྐབས་མཉམ་འབྲེལ་སྐོར་ཞིབ་ལ་ཞུགས་པའི་ཀྲུང་གོའི་ཉེན་རྟོག་པར་དགའ་བསུ་ཞུས་པ་དང་། ཁོ་ཚོས་ཁི་ལོ་ཏི་ཡཱའི་བྱ་བ་བདེ་བླག་ཡོང་བའི་སྨོན་འདུན་ཞུས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཉེན་རྟོག་ཕྱོགས་ཀྱི་མཉམ་ལས་ཀྱིས་ཁི་ལོ་ཏི་ཡཱའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཐད་བྱས་རྗེས་ཆེན་པོ་འཇོག་ཐུབ་པར་རེ་སྒུག་བྱེད་པའི་ཚུལ་བསྟན།
ཁི་ལོ་ཏི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཆི་ཆན་ཅིན་གྱིས་མགོ་རྩོམ་མཛད་སྒོའི་སྟེང་བཤད་རྒྱུར། ད་ལོའི་མཉམ་འབྲེལ་སྐོར་ཞིབ་བྱ་བར་ཞུགས་པའི་ཀྲུང་གོའི་ཉེན་རྟོག་པ་བརྒྱད་ནི་སོ་སོར་ཧུའུ་ནན་དང་ཧྲན་ཞི། ཅང་སུའུ། ཀོང་ཏུང་། ཧྲང་ཧེ། ཐེན་ཅིན། ཁྲུང་ཆིན། པེ་ཅིང་བཅས་ནས་ཡོང་བ་ཡིན་ཞིང་། ཁོ་ཚོས་ཁི་ལོ་ཏི་ཡཱའི་ཉེན་རྟོག་པ་དང་མཉམ་དུ་སཱ་ཀི་ལེ་པུའུ་དང་ཕུའུ་ལེ་ཐི་ཝེ་ཚེ་མཚེའུའི་རྒྱལ་ཁབ་སྤྱི་གླིང་། ཀྲ་ཏཱ་ཨར། ཏུའུ་པུའུ་ལོ་ཧྥུའུ་ནེ་ཁི་སོགས་ཀྲུང་གོའི་ཡུལ་སྐོར་བ་མང་བའི་ས་ཁུལ་དུ་ཉེན་དོན་མཉམ་འབྲེལ་སྐོར་ཞིབ་བྱེད་རྒྱུ་རེད། ཁོ་ཚོས་ཁི་ལོ་ཏི་ཡཱའི་ཕྱོགས་ཀྱི་ཉེན་རྟོག་པ་དང་མཉམ་ལས་ཟབ་མོ་བྱས་ཏེ། འགན་འཁྲི་ནན་ཏན་གྱིས་ལག་བསྟར་དང་བརྩེ་བས་ཞབས་ཞུ་བྱས་ནས། ཁི་ལོ་ཏི་ཡཱའི་མང་ཚོགས་དང་རྒྱལ་ཁབ་མང་བོའི་ཡུལ་སྐོར་བའི་དགའ་བསུ་དང་ཁས་ལེན་ཐོབ་ཏུ་འཇུག་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཁི་ལོ་ཏི་ཡཱའི་བདེ་འཇགས་ཡུལ་སྐོར་བྱེད་སའི་རྣམ་གྲངས་ཀྱི་ཁག་ཅིག་ཡིན་པའི་ཆ་ནས། ཀྲུང་གོ་སོགས་རྒྱལ་ཁབ་མང་བོའི་ཉེན་རྟོག་པས་གནང་བའི་སྐབས་སུ་ཁི་ལོ་ཏི་ཡཱའི་ཉེན་རྟོག་པ་དང་མཉམ་དུ་ཡུལ་སྐོར་ས་ཁུལ་གཙོ་བོ་དག་ཏུ་མཉམ་འབྲེལ་སྐོར་ཞིབ་བྱེད་བཞིན་ཡོད། 2018ལོར་ཀྲུང་གོ་དང་ཁི་ལོ་ཏི་ཡཱའི་ཉེན་དོན་མཉམ་འབྲེལ་སྐོར་ཞིབ་ཐོག་དང་པོར་སྤེལ་བ་དང་། ད་ལོ་ནི་མཉམ་འབྲེལ་སྐོར་ཞིབ་ཐེངས་བདུན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།