ཕཱ་ཁི་སི་ཐན་གྱིས་ཨ་མེ་རི་ཁ་དང་དབྱི་ལང་གིས་ལག་རྩལ་རིམ་པའི་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཨན་ཏི་ལཱ་པུས་ཀྱིས་ཚེས16ཉིན་བཤད་རྒྱུར། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཨ་མེ་རི་ཁ་དང་དབྱི་ལང་གི་བཟོད་སྒོམ་བརྗེད་ཐོ་དང་དེའི་སྔོན་ཁྱབ་བསྒྲགས་བྱས་པའི་མཉམ་འབྲེལ་གསལ་སྒྲོག་གཞིར་བཟུང་སྟེ། འཁྲུག་རྩོད་མཚམས་འཇོག་དགོས་པ་དང་ལག་རྩལ་རིམ་པའི་གྲོས་མོལ་སླར་གསོ་བྱེད་དགོས་པའི་སྐུལ་མ་བཏང་།

ཨན་ཏི་ལཱ་པུས་ཀྱིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཕཱ་ཁི་སི་ཐན་གྱིས་ཉེ་སྔོན་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། འཁྲུག་རྩོད་ཡང་བསྐྱར་བྱུང་བ་དེ་ཕྱོགས་གང་རུང་གི་ཁེ་ཕན་དང་ཡང་མི་འཚམ་ཟེར། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཕྱོགས་སོ་སོས་ཚད་ཆེན་པོའི་སྒོ་ནས་རང་ཚོད་བཟུང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཞི་བདེ་དང་གཏན་འཇགས་ལ་གཏོར་བརླག་གཏོང་བའི་འགུལ་སྐྱོད་གང་རུང་སྤེལ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཁོས་ནན་གྱིས་བསྟན་དོན། གྲོས་མོལ་དང་ཕྱི་འབྲེལ་ནི་ཡུན་རིང་ཞི་བདེ་དང་གཏན་འཇགས། གོང་འཕེལ་བཅས་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར། ཨ་མེ་རི་ཁ་དང་དབྱི་ལང་གི་བཟོད་སྒོམ་བརྗེད་ཐོའི་དངོས་འབེབས་ཐད་འགྲན་རྩོད་ལ་འཕྲད་ཡོད་ཀྱང་། དེ་ནི་སྔར་བཞིན་ཞི་བདེ་ལ་སྐུལ་འདེད་གཏོང་བ་དང་ཕན་ཚུན་བརྩི་འཇོག་བྱེད་པ། ཐུན་མོང་དར་རྒྱས་ཀྱི་ཡུན་རིང་སྒྲོམ་གཞི་ཡིན་ཟེར།

ཨན་ཏི་ལཱ་པུས་ཀྱིས་བསྟན་དོན། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་འདུས་པའི་རྒྱལ་ཁབ་མང་བོར་ཧའོ་ཨར་མུའུ་ཙི་མཚོ་འགག་གི་གནས་བབ་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཉམས་སུ་མྱོང་བཞིན་ཡོད་ལ། གོ་ལ་ཧྲིལ་བོའི་ནུས་ཁུངས་མཁོ་འདོན་དང་ཉོ་ཚོང་འགྲོ་འོང་། འབྲུ་རིགས་བདེ་འཇགས་བཅས་ལ་ཤུགས་རྐྱེན་ཐེབས་ཡོད། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་མཚོ་འགག་གནས་བབ་དེ་སྔ་མོ་ནས་རྒྱུན་ལྡན་དུ་འགྱུར་བར་རེ་བཞིན་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།