
ཝུའུ་ཁི་ལན་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྲོས་ཁང་གིས་ཚེས16ཉིན་ཙུང་ལི་གསར་བ་ཁི་ལེ་ཚི་ཅི་ཡིས་མིང་འདོན་བྱས་པའི་སྐབས་གསར་བའི་ནེ་ཀིའི་ཁོངས་མིའི་མིང་ཐོར་ཆོག་མཆན་བཀོད་ཟེར།
བསྒྲགས་པ་ལྟར་ན། གྲོས་མི264ཡིས་འདེམ་ཤོག་འཕངས་ནས་སྐབས་གསར་བའི་ནེ་ཀི་ཡིས་ལས་ཁུར་དགོངས་ཞུ་བྱེད་པར་འཐད་པ་བྱུང་བ་དང་སྐབས་གསར་བའི་ནེ་ཀིའི་ཁོངས་མིའི་བསྐོ་འཇོག་ལ་ཆོག་མཆན་བཀོད། ཉིན་དེར་ཆོག་མཆན་ཐོབ་པའི་མིང་ཐོ་དེའི་ནང་རྒྱལ་སྲུང་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་འདུས་མེད། ལས་འགན་དེ་གཉིས་ཀྱི་འདེམ་སྒུག་མི་སྣ་སྲིད་འཛིན་གྱིས་མིང་འདོན་བྱེད་རྒྱུ་རེད།
སྔོན་ཆད་ཀྱི་ནེ་ཀིའི་ཁོངས་མི་དྲུག་མུ་མཐུད་དུ་སྔོན་གྱི་ལས་གནས་སུ་སོར་འཇོག་བྱས་ཡོད། དེའི་ནང་ཙུང་ལི་གཞོན་པ་དང་པོའམ་ནུས་ཁུངས་པུའུ་ཀྲང་ཧྲི་མཱེ་ཅཱ་ཨར་དང་། མི་ཆོས་རིང་ལུགས་སྲིད་ཇུས་ཀྱི་འགན་ཁུར་བའི་ཙུང་ལི་གཞོན་པའམ་རིག་གནས་པུའུ་ཀྲང་པེ་ལེ་རི་ནཱ། ནོར་སྲིད་པུའུ་ཀྲང་མཱ་ཨར་ཆིན་ཁི། འཕྲོད་བསྟེན་པུའུ་ཀྲང་ལེ་ཡཱ་ཧྲི་ཁི་སོགས་འདུས། སྔོན་ཆད་ཡོ་རོབ་གླིང་མནའ་འབྲེལ་དུ་སྡོད་པའི་ཝུའུ་ཁི་ལན་གྱི་འཐུས་མིའི་འགན་ཁུར་བའི་ཆིན་ཙོ་ཧྥུའུ་ཡོ་རོབ་གླིང་གི་འབྲེལ་ཡོད་ལས་དོན་གྱི་འགན་ཁུར་བའི་ཙུང་ལི་གཞོན་པར་བསྐོ་འཇོག་བྱས་ཡོད།
བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་སི་པུས་ཅཱ་ཡང་བསྐྱར་བསྐོ་འཇོག་བྱེད་ཀྱང་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།