
ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡི་གསར་དུ་འགན་ཁུར་བའི་ཆབ་སྲིད་ཅུའུ་ཡི་ཀྲུའུ་ཞི་ཧ་ལིས་ལི་ཧ་ཡ་ཡིས་ཚེས22ཉིན་ལས་འགན་ཁུར་རྗེས་བརྙན་ལམ་ནས་འབུད་ཐེངས་དང་པོར་བཤད་རྒྱུར། ཧ་མ་སི་ཡི་མིག་སྔའི་ལས་འགན་དང་པོ་ནི་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ཕྱོགས་ཡོངས་ནས་མཚམས་འཇོག་ཏུ་འཇུག་རྒྱུ་དེ་ཡིན་པ་ནན་བཤད་བྱས།
ཧ་ཡ་ཡིས་བཤད་རྒྱུར། ལས་འགན་དེའི་ཁྲོད་དུ་བཙན་འཛུལ་དང་དམར་གསོད་མཚམས་འཇོག་པ་དང་། དབྱི་སི་རལ་ཅ་ཧྲ་ས་ཁུལ་ནས་ཡོངས་སུ་ཕྱིར་འཐེན་བྱེད་པ་མངོན་འགྱུར་ཡོང་བ། དུས་མཉམ་དུ་ཅ་ཧྲ་ས་ཁུལ་གྱི་མི་ཆོས་རོགས་སྐྱོར་དང་ལེན་གྱི་ནུས་པ་སླར་གསོ་བྱེད་རྒྱུ་མ་ཟད་བསྐྱར་འཛུགས་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་སོགས་འདུས་ཡོད་ཟེར།
ཧ་ཡ་ཡིས་ཕ་ལེ་སི་ཐན་གྱི་ཚོགས་ཁག་སོ་སོས་མྱུར་དུ་ཁ་བརྡ་བྱེད་རྒྱུ་མ་ཟད་མི་རིགས་ལས་ཁུངས་ཀྱི་བསྐྱར་འཛུགས་རྐྱེན་སྲོལ་འཛུགས་པ་དང་། གཙོ་བོ་དམངས་གཙོའི་རྩ་དོན་དང་མི་རིགས་ཀྱི་ཐུན་མོང་འདུ་ཤེས་ཀྱི་རྨང་གཞིའི་སྟེང་ཕ་ལེ་སི་ཐན་གྱི་བཅིངས་འགྲོལ་རྩ་འཛུགས་བསྐྱར་སྒྲིག་བྱེད་དགོས་ཟེར།
ཧ་ཡ་ཡིས་ནན་གྱིས་བསྟན་དོན། ཧ་མ་སིས་ཕ་ལེ་སི་ཐན་མི་དམངས་ཀྱི་རྒྱལ་སྤྱིའི་རྩ་ཁྲིམས་ལྟར་གྱི་སྤྱོད་དབང་ཡོད་པའི་ཁྲིམས་མཐུན་ཁེ་དབང་གང་རུང་ལ་བཤུ་གཞོག་ཐེབས་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཅིང་། བཅིངས་འགྲོལ་དབང་ཆ་དང་རྒྱལ་འཛུགས་དབང་ཆ། རང་ཐག་གཅོད་པའི་དབང་ཆ་བཅས་ཀྱི་བྱ་སྤྱོད་ལྷག་ཏུ་གལ་ཆེ་ཟེར།
ཧ་ཡ་ཡིས་ད་རུང་བཤད་རྒྱུར། ཧ་མ་སི་ཡིས་མཐའ་འཁོར་གྱི་ཨ་རབ་དང་དབྱི་སི་ལན་གྱི་རྒྱལ་ཁབ་བར་གྱི་འཐབ་ཇུས་འབྲེལ་བར་ཤུགས་སྣོན་རྒྱུ་ཡིན། ཁོས་ཨེ་ཅིབ་དང་ཁ་ཐུར། ཐུར་ཁེ་སོགས་འདུམ་འགྲིག་ཕྱོགས་ཀྱིས་ཅ་ཧྲའི་འགལ་བ་བཀག་འགོག་བྱེད་པའི་ཐད་བཏོན་པའི་འབད་བརྩོན་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད་ལ། འབྲེལ་ཡོད་ཕྱོགས་ཀྱིས་དབྱི་སི་རལ་སྲིད་གཞུང་ལ་གནོན་ཤུགས་སྤྲད་ནས་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཡིག་ལག་བསྟར་བྱེད་དུ་འཇོག་རྒྱུའི་འབོད་སྐུལ་བཏང་།
ཚེས20ཉིན་ཧ་མ་སིས་ཧ་ཡ་འགོ་ཁྲིད་པ་གསར་པར་བསྐོས་པ་ཁྱབ་བསྒྲགས་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།