
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པའི་གནས་སྐབས་ལས་ཚབ་སོན་ལེ་ཡིས་ཚེས22ཉིན་རང་བྱུང་ཐོན་ཁུངས་བཅོས་སྐྱོང་ནི་ཞི་བདེ་དང་བདེ་འཇགས། དར་རྒྱས་བཅས་ཀྱི་རྨང་རྡོ་ཡིན་ཞེས་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡོངས་བསྒྲགས་རྩོད་སྒྲུབ་ཚོགས་འདུའི་སྟེང་གཏམ་བཤད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རང་བྱུང་ཐོན་ཁུངས་བཅོས་སྐྱོང་ལ་ཤུགས་སྣོན་དང་གོ་ལ་ཧྲིལ་བོའི་ཐོན་ཁུངས་ཀྱི་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་གཏན་འཇགས་ལ་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བཏང་།
སོན་ལེ་ཡིས་བཤད་རྒྱུར། རང་བྱུང་ཐོན་ཁུངས་ནི་སའི་གོ་ལས་མིའི་རིགས་ལ་བསྩལ་བའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པ་དང་། མིའི་རིགས་འཚོ་གནས་དང་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་དངོས་པོའི་རྨང་གཞི་ཡིན། ཡིན་ཡང་། ས་ཁུལ་ཁ་ཤས་ཀྱི་འཁྲུག་རྩོད་ལས་ཐོན་ཁུངས་འཛོམས་པོ་ཡོད་ཀྱང་འཕེལ་རྒྱས་དར་རྒྱས་ལ་རོགས་འདེགས་བྱེད་ཐུབ་ཀྱིན་མེད་པ་དང་། བཅོས་སྐྱོང་བྱས་པ་ལུགས་མཐུན་མིན་ཚེ་དྲག་ཤུགས་འཁྲུག་རྩོད་སློང་སྲིད་པ་དང་དེར་རོགས་འདེགས་བྱེད་སྲིད་པ་གསལ་སྟོན་བྱས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་རང་བྱུང་ཐོན་ཁུངས་བཅོས་སྐྱོང་ལ་མཉམ་དུ་ཤུགས་སྣོན་དང་གོ་ལ་ཧྲིལ་བོའི་ཐོན་ཁུངས་ཀྱི་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་གཏན་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། རྒྱལ་སྤྱིའི་ཞི་བདེ་དང་འཕེལ་རྒྱས་ལ་རོགས་འདེགས་བྱེད་འོས་ཟེར།
སོན་ལེ་ཡིས་བསྟན་དོན། ཞི་བདེ་གཏན་འཇགས་ནི་རང་བྱུང་ཐོན་ཁུངས་བཅོས་སྐྱོང་གི་སྟོབས་དང་ལྡན་པའི་འགན་སྲུང་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཐུབ་པ་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཞི་བདེར་བརྟེན་ནས་འཁྲུག་རྩོད་ཐག་གཅོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། འབྲེལ་ཡོད་འགལ་བའི་ཕྱོགས་ཀྱིས་དམག་དོན་འཁྲུག་རྩོད་མཚམས་འཇོག་པར་སྐུལ་མ་གཏོང་དགོས་པར་མ་ཟད། ས་ཁུལ་རྒྱལ་ཁབ་དང་རྩ་འཛུགས་ཀྱི་མཐུན་སྦྱོར་ལ་རྒྱབ་སྐྱོར་བྱེད་དགོས་ཤིང་། རང་བྱུང་ཐོན་ཁུངས་ཁྲིམས་འགལ་ངང་སྔོག་འདོན་དང་ལྐོག་འདྲེན་བྱེད་པར་མཉམ་དུ་རྡུང་རྡེག་གཏོང་བ་དང་། མཁོ་སྤྲོད་མུ་ཕྲེང་གི་གསལ་ཚད་དང་ཕུགས་འདེད་རང་བཞིན་ལ་ཤུགས་བསྣན་ནས་འགོ་ཁུངས་ནས་དྲག་ཆས་འཁྲུག་རྩོད་དེ་རང་བྱུང་ཐོན་ཁུངས་ཀྱི་ཕྱོགས་སུ་མཆེད་པ་སྔོན་འགོག་བྱེད་དགོས། དེ་དང་ཆགས་ཅིག དྲག་ཆས་འཁྲུག་རྩོད་ཀྱི་འབྱུང་རྐྱེན་སྣ་མང་རྙོག་འཛིང་ཆེ་བས། སྟབས་བདེའི་ངང་རང་བྱུང་ཐོན་ཁུངས་དེ་འཁྲུག་རྩོད་ཀྱི་འབྱུང་རྩ་རུ་བརྩི་མི་རུང་ལ། རྒྱུན་ལྡན་གྱི་དཔལ་འབྱོར་ཉོ་ཚོང་དང་ཐོན་ལས་མཉམ་ལས་ཀྱི་གནད་དོན་དེ་བདེ་འཇགས་ཅན་དང་ཆབ་སྲིད་ཅན། ལག་ཆ་ཅན་བཅས་སུ་དེ་ལས་ཀྱང་འགྱུར་དུ་འཇུག་མི་རུང་།
སོན་ལེ་ཡིས་བསྟན་དོན། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྒྱལ་ཁབ་སོ་སོར་མངའ་ཁོངས་ནང་གི་བདག་དབང་སྤྲད་ཡོད་པ་དང་། རྩ་དོན་དེ་ལ་འགྲན་སློང་བྱེད་མི་རུང་། འབྲེལ་ཡོད་རྒྱལ་ཁབ་ཀྱིས་གནོན་ཤུགས་སྟེར་བ་དང་བཀག་སྡོམ་བྱེད་པ། དམག་དོན་བཙན་ཤེད་སོགས་ལ་བརྟེན་ནས་རྒྱལ་ཁབ་གཞན་པའི་ཐོན་ཁུངས་ཧམ་འཕྲོག་བྱེད་མི་རུང་བ་དང་། མི་སེར་སྤེལ་བའི་དབང་སྒྱུར་དང་འཕྲོག་བཅོམ་བྱེད་ཐབས་ཡང་བསྐྱར་སྤྱོད་མི་རུང་། ཀྲུང་གོ་ཕྱོགས་ཀྱིས་སྒོ་འབྱེད་དཀྱེལ་ཡངས་དང་དྲང་གཞག་ལུགས་མཐུན། མཉམ་ལས་མཉམ་རྒྱལ། ལྗང་མདོག་དག་གཙང་བཅས་ཀྱི་གཏེར་ཐོན་གཙོ་བོའི་བཅོས་སྐྱོང་མ་ལག་འཛུགས་པར་རྒྱབ་སྐྱོར་བྱེད་ངེས་ཡིན། “ཉེན་ཁ་མེད་པར་བཟོ་བ”དང“རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད”ཅེས་པ་རྒྱུ་མཚན་དུ་བྱས་ཏེ་ཕན་ཚུན་བར་འཁྲུག་རྩོད་སློང་བ་དང་། གཞན་ཕུད་རང་བཞིན་གྱི་ཚོགས་པ་ཆུང་ངུ་འཛུགས་པ་དེ་ཡིས་ཁྲོམ་རའི་སྒྲིག་ལམ་དཀྲུག་པ་དང་རྒྱལ་ཁབ་སོ་སོའི་ཐུན་མོང་གི་ཁེ་ཕན་ལ་གནོད་འཚེ་གཏོང་ངེས་ཡིན།
སོན་ལེ་ཡིས་བཤད་རྒྱུར། ཐོན་ཁུངས་དང་འཁྲུག་རྩོད་མཉམ་དུ་གནས་པའི་འཁོར་སྐྱོད་ངན་པ་མེད་པར་བཟོ་དགོས་ན། ངེས་པར་དུ་དོ་བདག་རྒྱལ་ཁབ་ཀྱིས་རང་བདག་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་རོགས་སྐྱོར་དམ་བཅའ་ལག་བསྟར་བྱེད་པའི་འགན་འཁྲི་ཡོད་པ་དང་། ཐོན་ཁུངས་རྒྱལ་ཁབ་དང་ལྷག་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱས་ཏེ། ཐོན་ཁུངས་བཅོས་སྐྱོང་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང་། ཐོན་ཁུངས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཕན་ཁེ་ཆེ་རུ་གཏོང་བ། ངེས་པ་དོན་གྱིས་ས་གནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱས་ཏེ་ཞི་བདེ་ཡོང་བར་སྟོབས་དང་ལྡན་པའི་རྨང་གཞི་བསྐྲུན་དགོས་ཟེར།
སོན་ལེ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་རང་བྱུང་ཐོན་ཁུངས་བཅོས་སྐྱོང་དང་མཉམ་ལས་དར་སྤེལ་གཏོང་མཁན་དང་སྐུལ་འདེད་གཏོང་མཁན་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཐོན་ཁུངས་དགེ་མཚན་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས་ཡུན་སྐྱོང་བདེ་འགོད་དང་འཕེལ་རྒྱས་དར་རྒྱས་ཀྱི་ལམ་དུ་བསྐྱོད་པར་རོགས་སྐྱོར་བྱེད་འདོད་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།