
སི་ཕེན་གྱི་ཧྥེ་ཏེ་གནས་སྤོ་ཡུལ་མིའི་ཉམས་ཉེན་གྱི་ཤུགས་རྐྱེན་མུ་མཐུད་དུ་རྒྱུན་སྲིང་སྟེ། སི་ཕེན་ནང་སྲིད་པུའུ་ཡིས་ཟླ7པའི་ཚེས31ཉིན་བསྟན་དོན། ཚེས30ཉིན་ནས་བཟུང་། ཧ་ལམ་ཁྲིམས་འགལ་གནས་སྤོ་ཡུལ་མི་ཁྲི5ཙམ་མོ་རོ་ཁོ་བརྒྱུད་དེ་ས་དབུས་རྒྱ་མཚོའི་འགྲམ་ངོགས་སུ་ཡོད་པའི་སི་ཕེན་གྱི་ཞིའུ་ཏ་རུ་སླེབས་ཡོད་ཟེར། སི་ཕེན་གཞུང་ཕྱོགས་ཀྱིས་ཟླ8པའི་ཚེས1ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ད་ལྟའི་བར་དུ་མི67བརྒྱུད་རིམ་དེའི་ཁྲོད་རྐྱེན་ལམ་དུ་ཤོར་ཟིན། གསར་འགྱུར་ལྟར་ན། མི་ཁག་ཅིག་ཆུར་ལྷུང་བ་དང་ཁག་ཅིག་རྡོག་བརྫིས་ཐེབས་ནས་སྲོག་ཤོར་བ་རེད། མིག་སྔར། མི་བཞི་ཁྲི་བརྒྱད་སྟོང་སུམ་བརྒྱ་རང་མོས་ངང་ཕྱིར་མོ་རོ་ཁོ་རུ་ལོག་རྒྱུར་འཐད་པ་བྱུང་ཡོད།
ཟླ7པའི་ཚེས31ཉིན། སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ཞིའུ་ཏ་རུ་སོང་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་ཐབས་སྐོར་གྲོས་བསྡུར་བྱས། སང་ཆེ་སི་ཡིས་བསྟན་དོན། ཐེངས་འདིའི་ཁྲིམས་འགལ་གནས་སྤོ་ཡུལ་མིས་གཞི་ཁྱོན་ཆེན་པོས་རྒྱལ་ཁོངས་ལས་བརྒལ་བའི་བྱ་སྤྱོད་ནི་སི་ཕེན་གྱི་མངའ་ཁོངས་ཆ་ཚང་ལ་བཙན་གནོད་བྱས་པ་ཡིན། སི་ཕེན་སྲིད་གཞུང་གིས་ད་ལྟ་མོ་རོ་ཁོ་དང་མཉམ་ལས་བྱེད་བཞིན་ཡོད་དེ། ཁྲིམས་འགལ་གནས་སྤོ་ཡུལ་མི་ཕྱིར་སྐྱེལ་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་ཟེར། སང་ཆེ་སི་ཡིས་ད་རུང་མི་འབོར་ལྐོག་འདྲེན་ཉེས་གསོག་ཚོགས་པས་བསམ་གཟས་ནས་འདིའི་སྔོན་གྱི་སི་ཕེན་ཆེས་མཐོའི་ཁྲིམས་ཁང་གི་ཁྲུན་གཅོད་གཅིག་ལ་འཁྱོག་བཤད་བྱས་ནས་ཉམས་ཉེན་བསྐྲུན་པར་སྐྱོན་འཛུགས་བྱས། ཁྲུན་གཅོད་དེར་གཞིགས་ན། སི་ཕེན་གྱི་འཕྲལ་མར་ཕྱིར་སྐྱེལ་བྱེད་སྟངས་དེ་མཚོ་ཐོག་ནས་ཞིའུ་ཏ་རུ་འབྱོར་བ་དང་། སི་ཕེན་གྱི་མེ་ལི་ལི་ཡ་རུ་འབྱོར་བའི་མི་སྣ་ལ་གོ་མི་ཆོད་པར་བཤད།