འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་སྐོར་ཐེངས་འདི་ནི་ཁོང་ཀོ་ཅིན་གྱི་ལོ་རྒྱུས་སྟེང་གི་ཨེ་པོ་ལ་རིམས་ནད་ཆེས་ཆེ་ཤོས་ཡིན་པ་བསྒྲགས།
ཁུངས། ཀློག་གྲངས།

ཁོང་ཀོ་ཅིན་འཕྲོད་བསྟེན་པུའུ་ཡིས་ཚེས1ཉིན་བསྒྲགས་པ་ལྟར་ན། ཟླ7པའི་ཚེས31ཉིན་བར། རྒྱལ་ཁབ་འདིའི་ཨེ་པོ་ལ་རིམས་ནད་སྐོར་ཐེངས་འདིར་རིམ་རྩིས་བྱས་ན་ནད་དཔེ3674ངོས་འཛིན་ཡར་ཞུ་བྱས་ཡོད་ལ། དེའི་ཁྲོད་མི1621རྐྱེན་ལམ་དུ་ཤོར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞུང་ཕྱོགས་དྲ་བས་ཚེས1ཉིན་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། རིམས་ནད་སྐོར་ཐེངས་འདི་ནི་ཁོང་ཀོ་ཅིན་གྱིས་ཟིན་ཐོར་བཀོད་པའི་ཚུན་གྱི་གཞི་རྒྱ་ཆེས་ཆེ་བའི་ཨེ་པོ་ལ་རིམས་ནད་ཀྱི་གནས་ཚུལ་རེད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྟན་དོན། ཁོང་ཀོ་ཅིན་གྱི་རིམས་ནད་སྐོར་ཐེངས་འདི་ད་རུང་ཚབས་ཆེ་རུ་འགྲོ་བཞིན་ཡོད་ལ། ནད་དཔེ་འབོར་གྲངས་དང་རྐྱེན་ལམ་དུ་ཤོར་བའི་གྲངས་ཀ་ད་རུང་ཇེ་མང་དུ་འགྲོ་བཞིན་ཡོད། རིམས་ནད་མཆེད་རྒྱའང་ཐོག་མའི་དབྱི་ཐུའུ་ལི་ཞིང་ཆེན་མུན་པུའུ་ཝ་ལོ་འཕྲོད་བསྟེན་ས་ཁུལ་ནས་ཞིང་ཆེན5ཡི་འཕྲོད་བསྟེན་ས་ཁུལ49ལ་ཁྱབ་ཡོད། དྲག་ཆས་འགལ་ཟླ་དང་མི་འབོར་གནས་མེད་ཡུལ་གྱར། ས་ཁུལ་ཁག་ཅིག་གི་སྨན་བཅོས་སྒྲིག་བཀོད་མི་འདང་བ་སོགས་ཀྱི་རྒྱུ་རྐྱེན་བསྣན་ཏེ། རིམས་ནད་མུ་མཐུད་དུ་མཆེད་པའི་ཉེན་ཁ་ཆེ་རུ་བཏང་།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁོང་ཀོ་ཅིན་རྒྱལ་ནང་གི་རིམས་ནད་ཉེན་ཁ་དེ་ཧ་ཅང་ཚབས་ཆེན་ཡིན་པར་དཔྱད་འཇོག་བྱས་པའི་དུས་མཚུངས་སུ། རྒྱལ་ཁབ་འདིའི་སྲིད་གཞུང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། དེ་བཞིན་མཉམ་ལས་གྲོགས་པོ་གཞན་དག་དང་མཉམ་དུ་རིམས་ནད་ལྟ་ཞིབ་ཚད་ལེན་དང་ནད་པ་སྐྱོབ་བཅོས། འབྲེལ་འདྲིས་པར་རྗེས་འདེད་སོགས་བྱེད་ཐབས་སྤྱོད་པར་སྐུལ་འདེད་གཏོང་བཞིན་ཡོད་ལ། ད་རུང་ཁ་གཏད་འཇལ་བའི་ལས་ཀ་སོ་སོ་ཤུགས་ཆེ་རུ་བཏང་ན། ད་གཟོད་རིམས་ནད་མཆེད་པ་འགོག་ཐུབ་ཟེར།

ཁོང་ཀོ་ཅིན་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། ཟླ7པའི་ཚེས31ཉིན་བར། བསྡོམས་པས་ནད་པ760ཡིས་ལོགས་བཀར་རམ་ཡང་ན་ཞག་སྡོད་སྨན་བཅོས་དང་ལེན་བྱེད་ཀྱིན་ཡོད་ལ། རིམ་རྩིས་བྱས་ན་ནད་དཔེ666དྲག་སྐྱེད་བྱུང་ཡོད།

མིག་སྔར། རིམས་ནད་ཐེངས་འདིར་མཆེད་པའི་པིན་ཏེ་པུའུ་ཅའོ་ཅན་གྱི་ཨེ་པོ་ལ་ནད་དུག་ལ་འགོག་ཁབ་དང་ཡང་ན་ཁྱད་པར་བའི་བཅོས་ཐབས་ཀྱི་ཆོག་མཆན་ཐོབ་མེད་ལ། འབྲེལ་ཡོད་ཞིབ་འཇུག་ལས་ཁུངས་སོགས་ཀྱིས་འོས་འདེམས་སྨན་རྫས་དང་འགོག་ཁབ་རིགས་མང་པོའི་ཚོད་ལྟ་བྱེད་འགོ་བརྩམས་ཡོད།