
ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཚེས་གཅིག་ཉིན་བསྟན་དོན། ཨ་རིས་དབྱི་ལང་ལ་གཞི་ཁྱོན་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་རྒྱུའི་གྲ་སྒྲིག་བྱས་ཡོད་མོད། འོན་ཀྱང་དབྱི་ལང་དང་དབུས་ཤར་རྒྱལ་ཁབ་གཞན་དག་གིས་ཨ་རི་ཕྱོགས་ལ་རེ་ཞུ་བཏོན་ནས། ཨ་རིས་གནས་སྐབས་སུ་དབྱི་ལང་ལ་རྡུང་རྡེག་མི་གཏོང་བའི་རེ་བ་ཞུས་ལ། རྒྱུ་མཚན་ནི་འབྲེལ་ཡོད་ཕྱོགས་སོ་སོར་ཐོག་མའི་གྲོས་མཐུན་གྱི་སྒྲོམ་གཞི་གྲུབ་ཟིན་ལ། ནང་དོན་ལ་མགྱོགས་མྱུར་དང་ཕྱོགས་ཡོངས། རྩ་བ་ནས་ཧོ་འར་མུའུ་ཙི་མཚོ་འགག་གི་སྒོ་འབྱེད་པ། དེ་དང་མཉམ་དུ་དབྱི་ལང་གི་ཉིང་རྡུལ་འཇིགས་སྐུལ་མེད་པར་བཟོ་བ་སོགས་འདུ། ཐི་ལིང་ཕུའུ་ཡིས་བསྟན་དོན། དམག་དོན་རྡུང་རྡེག་གཏོང་བའི་འགུལ་སྐྱོད་མེད་པར་བཟོ་རྒྱུར་འཐད་པ་བྱུང་ཡོད་མོད། འོན་ཀྱང་སྔོན་འགྲོ་ནི་ཕྱོགས་སོ་སོས་མགྱོགས་མྱུར་སྒོས་གྲོས་མཐུན་འཇོག་རྒྱུ་དེ་རེད།
དབྱི་ལང་སྨྱན་སྦྱོར་གྱིས་དབྱི་ལང་གི་དམག་ཕྱོགས་དཔོན་རིགས་ཀྱི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་གྱིས་དབྱི་ལང་གི་ཕར་རྒོལ་མཚམས་འཇོག་པའི་རེ་ཞུ་ནི“རྫུན་གཏམ་གསར་པ”ཞིག་ཡིན་ལ། དབྱི་ལང་གི་དམག་དཔུང་ནི་དོགས་ཟོན་ཆེ་ཤོས་ཀྱི་རྣམ་པར་གནས་ཡོད་ཅིང་། ཡོད་ཚད་ལ་གྲ་སྒྲིག་ཡག་པོ་བྱས་ཡོད་པ་བསྟན།
དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་གིས་ཨ་རིར“ཉེན་མཆོང་འགུལ་སྐྱོད”མི་སྤེལ་བའི་ཐ་ཚིག་བསྒྲགས།
དབྱི་ལང་སྨྱན་སྦྱོར་གྱིས་ད་དུང་གནས་ཚུལ་སྤེལ་བ་ལྟར་ན། ཚེས་གཅིག་ཉིན་དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀི་ཆི་ཡིས་ཕ་ཁི་སི་ཐན་སྐམ་དམག་གི་ཇུས་འདོམས་དཔོན་མུའུ་ཉི་ཨར་དང་། ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཧྥེ་ཏན། སོ་ཏིའི་ཕྱི་འབྲེལ་བློན་ཆེན་ཧྥེ་ས་འར་བཅས་སོ་སོར་ཁ་པར་བཏང་ནས། ས་ཁུལ་གྱི་གནས་བབ་དང་དེ་བཞིན་ཨ་རི་དང་དབྱི་སི་རལ་གྱི་འབྲེལ་ཡོད་འགུལ་སྐྱོད་ཐད་བསམ་འཆར་བརྗེ་རེས་བྱས། ཁོས་ཨ་རིར“ཉེན་མཆོང་འགུལ་སྐྱོད”མི་སྤེལ་བའི་ཐ་ཚིག་བསྒྲགས།
ཉིན་དེར། ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཚེས་གཅིག་ཉིན་སོ་ཏིའི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་མོ་ཧན་མོ་ཏི་ཡིས་ཐི་ལང་ཕུའུ་དང་ཁ་པར་བཏང་སྟེ་ཨ་རི་ཕྱོགས་ཀྱིས་དབྱི་ལང་ལ་རྡུང་རྡེག་གཏོང་མི་རུང་བའི་སྐུལ་ལྕག་བྱས།
དེ་ལས་གཞན།《ཝ་ཧྲིན་ཏོན་སྦྲག་སྲིད་ཚགས་པར》ལས་ཚེས་གཅིག་ཉིན་སྤེལ་བའི་གསར་འགྱུར་ལྟར་ན། ཨ་རིའི་ཡོ་རོབ་དམག་སྤྱི་པུའུ་ཡི་དམག་སྤྱི་ཀི་ལིན་ཁི་ཝེ་ཆི་ཡིས་ཟུར་ལྔའི་ཐོག་ཁང་དུ། ཨ་རིའི་དེང་སྐབས་ཀྱི་དབུས་ཤར་ས་ཁུལ་གྱི་མཚོ་དམག་སྟོབས་ཤུགས་ཀྱིས་དབྱི་སི་རལ་ལ་འཕུར་མདེལ་གྱི་འཇབ་རྒོལ་མི་ཐེབས་པར་སྲུང་སྐྱོབ་བྱེད་མི་ཐུབ་ཟེར།