
ཨ་རིའི་དཔོན་པོས་ཚེས2ཉིན་བཤད་རྒྱུར། ནུབ་བྱང་རྒྱུད་དུ་ཆགས་པའི་ཧྭ་ཧྲིན་ཏོན་མངའ་སྡེ་ཡི་སི་པོ་ཁན་རྫོང་དུ་རི་མེ་ཤོར་བ་དེས་རྫོང་འདིའི་སི་པོ་ཁན་གྲོང་ཁྱེར་ལ་འཇིགས་སྐུལ་ཐེབས་ཀྱིན་ཡོད་ལ། སྡོད་དམངས་ཧ་ལམ་ཁྲི་དྲུག་ཙམ་ལ་ཕྱིར་འཐེན་བྱེད་དགོས་པའི་བཀའ་བརྡ་འབྱོར། དེའི་ནང་དུ་དམངས་ཁང་དང་ཚོང་ཁང་འདུས་པའི་བཟོ་བཀོད600ཙམ་མེ་ཡིས་འཚིག་པ་འདུས་ཡོད་ལ། གནས་སྐབས་སུ་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད།
སི་པོ་ཁན་གྲོང་ཁྱེར་མེ་ཟོན་ཅུས་ཀྱི་ཅུས་ཀྲང་ཐང་མུའུ་.ཝེ་ལིན་མུའུ་སི་ཡིས་ལུའུ་ཐི་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ས་གནས་འདི་རུ་མིག་སྔར་ད་རུང་གནས་གསུམ་དུ་རི་མེ་མཆེད་ཀྱིན་ཡོད། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་འཕྲལ་བསྟུན་ཐག་གཅོད་མི་སྣས་ཚོད་དཔག་བྱས་པ་ལྟར་ན། ཚེས2ཉིན་བར། རི་མེ་མཆེད་པའི་རྒྱ་ཁྱོན་སྤྱི་ཆིངས2180ལ་སླེབས་ཡོད། གློག་ཤུགས་མཁོ་འདོན་ཚོང་བས་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་བར། ཁྱིམ་ཚང་ཧ་ལམ་ཁྲི་གཅིག་གི་གློག་ཆད་པ་རེད།
སི་པོ་ཁན་གྲོང་ཁྱེར་གྱི་འགོ་གཙོ་ལེ་ས་.པུའུ་ལང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རི་མེ་ཤོར་བ་ཐེངས་འདི་ནི་ང་ཚོའི་ས་ཁུལ་འདི་འཕྲད་པའི་རང་བྱུང་གནོད་འཚེ་ཆེས་ཚབས་ཆེ་བ་དེ་ཡིན་ཟེར།
ཚེས2ཉིན་བརྙན་ཕབ་བྱས་པའི་དྲ་རྒྱའི་བརྙན་རིས་ཤིག་ལས་མངོན་པ་ལྟར་ན། མེ་ལྕེ་ཆེན་པོས་སྡོད་ཁང་བཅུ་ཕྲག་འཚིག་ནས། སོ་ཕག་གི་ཐབ་ཀ་དང་རྨང་འདིང་མ་གཏོགས་ལུས་མེད། ཕྱིར་འཐེན་བྱས་པའི་སྡོད་དམངས་ཅེ་ཧྥུ.པིས་ཏི་འར་སི་ཡིས་ཧྥ་རན་སེའི་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། འདི་ནི་ངས་ཚེ་འདིར་མཐོང་མྱོང་བའི་སེམས་པ་ཧ་ཅང་སྐྱོ་བའི་རྣམ་པ་ཞིག་རེད་ཟེར།
སྔོན་ཉིན་མོར། ཧྭ་ཧྲིན་ཏོན་མངའ་སྡེ་ཡི་འགོ་གཙོ་པའོ་པོ་.ཧྥོ་ཀི་སིན་གྱིས་མངའ་སྡེ་ཧྲིལ་བོ་རི་མེ་མཆེད་པ་ཛ་དྲག་ཡིན་པའི་གནས་བབ་ཏུ་ཚུད་པ་བསྒྲགས། ཁོས་ཚེས2ཉིན་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་ཁ་པར་གཏོང་དུས། རྒྱལ་ཕྲན་མཉམ་འབྲེལ་བྲེལ་མྱུར་ལས་དོན་ཅུས་ཀྱིས་རོགས་སྐྱོར་གནང་བའི་རེ་བ་ཞུས། ཧྥོ་ཀི་སིན་གྱིས་སྒྲོག་སྤེལ་ཚོགས་འདུའི་སྟེང་གླེང་རྒྱུར། འདི་ནི་ཧྭ་ཧྲིན་ཏོན་མངའ་སྡེ་ལ་བསྟུད་མར་ལོ་བཞིའི་རིང་ཐན་པ་བྱུང་བ་ཡིན་ཟེར།
ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་གསར་འགོད་ལྟར་ན། ཧྭ་ཧྲིན་ཏོན་མངའ་སྡེ་རུ་མིག་སྔར་རི་མེ་མཆེད་པའི་ས་གནས15ལ་སླེབས་ཡོད་ལ། མེ་ལྕེ་མཆེད་པའི་རྒྱ་ཁྱོན་བསྡོམས་རྩིས་བྱས་ན་སྤྱི་ཆིངས་ཆིག་འབུམ་ལས་བརྒལ། གནམ་གཤིས་འགྱུར་ལྡོག་བྱུང་བར་བསྟུན་ནས་གཏོར་བརླག་རང་བཞིན་ཅན་གྱི་རི་མེ་མཆེད་པ་ལྷག་ཏུ་འབྱུང་སླ་བ་ཡིན། ཨ་རིའི་ནུབ་བྱང་རྒྱུད་ཀྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་འགྲམ་རྒྱུད་ནི་ལོ་ངོ30ལྷག་རིང་གི་ཆེས་ཚབས་ཆེ་བའི་རི་མེ་ཤོར་བའི་དུས་ཚིགས་ལ་འཕྲད་ཡོད་པ་རེད།