
ལྷོ་ཁོ་རེ་ཡའི་རིམས་ནད་དོ་དམ་ཐིང་གིས་ཚེས4ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། ཚེས3ཉིན་བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་ཚ་གདུག་ཕོག་པའི་ནད་དཔེ2221ཡོད་པ་དང་། དེའི་ཁྲོད་མི19རྐྱེན་ལམ་དུ་ཤོར། ལྷོ་ཁོ་རེ་ཡའི་སྲིད་འཛིན་ལི་ཙའེ་མུན་གྱིས་ཚེས4ཉིན་གཞི་རྩའི་ཆ་ནས་རྒྱལ་ཁབ་ཉམས་ཉེན་དོ་དམ་མ་ལག་འཐུས་ཚང་དུ་བཏང་སྟེ། ཉིན་རེར་རྒྱུན་ལྡན་ཅན་དུ་འགྱུར་བཞིན་པའི་གནམ་གཤིས་རྩུབ་པོར་ཁ་གཏད་འཇལ་དགོས་པའི་བླང་བྱ་བཏོན།
ལི་ཙའེ་མུན་གྱིས་ཉིན་དེར་རྒྱལ་དོན་གྲོས་ཚོགས་སྟེང་བཤད་རྒྱུར། དྲོད་གྲང་སྙོམ་སྒྲིག་འཕྲུལ་ཆས་བཀོལ་ཚད་ཇེ་མང་དུ་སོང་བར་བསྟུན། གློག་ཤུགས་མ་ལག་ལ་ཞིབ་བཤེར་ཇེ་དྲག་ཏུ་བཏང་ནས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བར་འགན་སྲུང་བྱེད་དགོས། གནམ་གཤིས་རྩུབ་པོ་རྒྱུན་ལྡན་དུ་འགྱུར་བཞིན་ཡོད་ལ། ལྷོ་ཁོ་རེ་ཡས་གཞི་རྩའི་ཆ་ནས་རྒྱལ་ཁབ་ཉམས་ཉེན་གྱི་དོ་དམ་མ་ལག་འཐུས་ཚང་དུ་གཏོང་དགོས་ཟེར།
ལྷོ་ཁོ་རེ་ཡར་ཉེ་ཆར་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཚ་བ་ཆེ་བའི་གནམ་གཤིས་བྱུང་། ལྷོ་ཁོ་རེ་ཡའི་གནམ་གཤིས་ཐིང་གི་གཞི་གྲངས་ལྟར་ན། ཆིན་ཧྲང་ནན་ཏའོ་ལིང་ཧྲན་གྱི་ཉིན་མོའི་དྲོད་ཚད་བསྟུད་མར་ཉིན་ལྔ་རིང་ཏུའུ40ལས་བརྒལ་ཡོད། ཚེས2ཉིན་ཏུའུ42.5ལ་སླེབས་ཏེ། ལྷོ་ཁོ་རེ་ཡའི་གནམ་གཤིས་ལྟ་ཞིབ་ཚད་ལེན་ཟིན་ཐོ་བཀོད་པའི་ཚུན་གྱི་དྲོད་ཚད་ཆེས་མཐོ་བའི་ཟིན་ཐོར་སླེབས། ཧྥུ་ཧྲན་སོགས་ས་ཆ་མང་པོའི་ཉིན་དེའི་དྲོད་ཚད་ཀྱང་ཏུའུ40ལས་བརྒལ། 1973ལོ་ནས་བཟུང་། ལྷོ་ཁོ་རེ་ཡའི་ཉིན་མོའི་དྲོད་ཚད་བསྟུད་མར་ཉིན་གསུམ་ཡན་ལ་ཏུའུ40རུ་སླེབས་པའི་གནས་ཚུལ་ནི་ད་བར་དུ་ཐེངས་གསུམ་མ་གཏོགས་བྱུང་མེད།
ལྷོ་ཁོ་རེ་ཡའི་གནམ་གཤིས་ཐིང་གིས་ཚེས3ཉིན་ཧྲིག་འར་གྱི་ས་ཁུལ་ཁག་ཅིག་དང་ཅིན་ཅེ་ཏའོ་ཡིས་བསྒྲགས་པའི་ཚ་བ་ཆེ་བའི་ཉེན་བརྡར་དམིགས་ཏེ། ཚེས4ཉིན་ཚ་བ་ཆེ་བའི་ཉེན་བརྡའི་ཁྱབ་ཁོངས་དེ་ཧྲིག་འར་གྲོང་ཁྱེར་ཡོངས་ལ་རྒྱ་བསྐྱེད་པ་རེད། ལྷོ་ཁོ་རེ་ཡའི་གནམ་གཤིས་སྡེ་ཁག་གིས་སྔོན་དཔག་ལྟར་ན། སྐོར་ཐེངས་འདིའི་ཚ་བ་ཆེ་བའི་གནམ་གཤིས་སྔར་བཞིན་ཉིན་འགའ་རྒྱུན་བསྲིང་རྒྱུ་རེད།