
ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལིན་སི་ཅེ་ཡིས་ཚེས5ཉིན་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཨུ་རུ་སུ་ཡིས་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་དང་དེའི་མཐའ་འཁོར་ས་ཁུལ་ལ་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་བྱས་པས་མི17རྐྱེན་ལམ་དུ་ཤོར་བ་དང་མི44རྨས། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་བརྡ་ཁྱབ་བཏང་ནས་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱི་མི་མེད་གནམ་གྲུའི་འབྲེལ་ཡོད་སྒྲིག་བཀོད་ལ་རྡུང་རྡེག་བཏང་བ་ཡིན་ཟེར།
ཙི་ལིན་སི་ཅེ་ཡིས་བཤད་རྒྱུར། ཨུ་རུ་སུའི་དམག་གིས་ད་ཐེངས་ཀྱི་བར་སྣང་འཇབ་རྒོལ་སྐབས་སུ་བསྡོམས་པས་མདེལ་ལམ་འཕུར་མདེལ24དང་། སྒྲ་འགྲོས་ཚད་བརྒལ་འཕུར་མདེལ4། སྐོར་ཞིབ་འཕུར་མདེལ་དང་དེ་བཞིན་མི་མེད་གནམ་གྲུ115བཅས་འཕེན་གཏོང་བྱས་ཤིང་། དེའི་ནང་གི་འགའ་རེ་ནི་རླུང་འབུད་ཅན་གྱི་མི་མེད་གནམ་གྲུ་རེད་ཟེར། ཙི་ལིན་སི་ཅེ་ཡིས་བསྟན་དོན། ཨུ་རུ་སུའི་དམག་གི་དམིགས་འབེན་གཙོ་བོ་ནི་ས་གནས་ཀྱི་དམངས་གཉེར་ཁེ་ལས་ཀྱི་མཛོད་ཁང་དང་རྨང་གཞིའི་སྒྲིག་བཀོད། མེ་འཁོར་ས་ཚིགས་རེད་ཟེར།
ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས5ཉིན་བརྡ་ཁྱབ་བཏང་ནས་བཤད་རྒྱུར། ཚེས4ཉིན་གྱི་དགོང་མོ་ནས་ཚེས5ཉིན་གྱི་ཐོ་རེངས་བར། ཨུ་རུ་སུའི་དམག་གིས་སྐམ་རྨང་ཞིབ་ཚད་མཐོ་བའི་མཚོན་ཆ་དང་རྒྱང་བསྟེན་ཕར་རྒོལ་ཅན་གྱི་མི་མེད་གནམ་གྲུ་སྤྱད་དེ། ཅེ་ཧྥུའུ་གྲོང་ཁྱེར་དང་ཅེ་ཧྥུའུ་མངའ་སྡེ་རུ་ཡོད་པའི་མི་མེད་གནམ་གྲུའི་ལྷུ་ལག་ཐོན་སྐྱེད་དང་གསོག་ཉར། སྐྱེལ་འདྲེན་བཅས་ལ་སྤྱོད་པའི་ཟོང་འགྲུལ་དང་། དེ་བཞིན་སྡེབ་སྐྱེལ་ལྟེ་གནས་ལ་གཞི་རྒྱ་ཆེ་བའི་རྡུང་རྡེག་བཏང་བ་ཡིན་ཟེར།
བརྡ་ཁྱབ་ལས་བཤད་རྒྱུར། ཟོང་འགྲུལ་ལྟེ་གནས་འདིས་མི་མེད་གནམ་གྲུའི་ལྷུ་ལག་གསོག་ཉར་དང་སྐྱེལ་འདྲེན་བྱེད་པ་ལས་གཞན། ཝུའུ་ཁི་ལན་གྱི་དམག་ལ་དངོས་ཟོག་གསོག་ཉར་དང་ལག་རྩལ་ཐོན་ཁུངས་བགོ་སྤྲོད་བྱེད་པ། ད་རུང་བཟོ་དབྱིབས་སྣ་ཚོགས་ཀྱི་མི་མེད་གནམ་གྲུ་དང་གློག་རྡུལ་འགྲན་རྒོལ་སྒྲིག་ཆས་ཐོན་སྐྱེད་སོགས་ལ་བཀོལ་གྱིན་ཡོད་ཟེར།
དེ་ལས་གཞན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བརྡ་ཁྱབ་བཏང་ནས་བཤད་རྒྱུར། ཨུ་རུ་སུའི་དམག་གིས་ད་རུང་ཝུའུ་ཁི་ལན་གྱི་དམག་ལ་མཚོན་ཆ་དང་དམག་སྤྱོད་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་ཟོང་འདྲེན་གྲུ་གཟིངས་གསུམ་ལ་རྡུང་རྡེག་བཏང་བ་ཡིན་ཟེར།
རྒྱུས་ལོན་པ་ལྟར་ན། ས་དེའི་ཚེས5ཉིན་གྱི་ནངས་མོར། ཅི་ཧྥུའུ་གྲོང་ཁྱེར་དང་ཅི་ཧྥུའུ་མངའ་སྡེ་ཡི་པུའུ་ལོ་ཝ་ལེ་ཕྱོགས་ནས་སྐོར་ཐེངས་མང་པོའི་འགད་གཏོར་སྒྲ་ཆེན་པོ་གྲགས་ཡོང་ཞིང་། ཝུའུ་ཁི་ལན་གྱི་མཁའ་དམག་གིས་བཤད་རྒྱུར། ཨུ་རུ་སུའི་དམག་གིས་ཅི་ཧྥུའུ་གྲོང་ཁྱེར་ལ་སྐོར་ཐེངས་གསར་པའི་མདེལ་ལམ་འཕུར་མདེལ་གྱིས་འཇབ་རྒོལ་བྱས་པ་རེད་ཟེར།