མོ་ཞི་ཁོ་ཡི་དྲ་རྒྱའི་ཐད་གཏོང་མི་སྣ་ཞིག་གིས་ཐད་གཏོང་བྱེད་དུས་མེ་མདའ་ཕོག་ནས་རྐྱེན་ལམ་དུ་ཤོར།
ཁུངས། ཀློག་གྲངས།

མོ་ཞི་ཁོ་ཡི་ནུབ་བྱང་རྒྱུད་ཀྱི་ཞི་ན་ལོ་ཡ་མངའ་སྡེ་ཡི་དྲ་རྒྱའི་ཐད་གཏོང་མི་སྣ་ཞིག་གིས་ཚེས5ཉིན་སྲང་ལམ་དུ་ཐད་གཏོང་བྱེད་དུས་མེ་མདའ་ཕོག་ནས་རྐྱེན་ལམ་དུ་ཤོར། ཁྲིམས་བསྟར་སྡེ་ཁག་གིས་བརྟག་དཔྱད་བྱེད་ཀྱིན་ཡོད།

འཇར་མན་གསར་འགྱུར་ཁང་གི་གསར་འགོད་ལྟར་ན། རྐྱེན་ལམ་དུ་ཤོར་མཁན་སའེ་ས་འར་.ཅ་སི་ཐི་ལོ་མུའུ་ལ་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེགས་བུར་ཞེན་མི་འབུམ་དྲུག་ལྷག་ཡོད་ལ། ཁོས་མངའ་སྡེ་དེའི་ལྟེ་གནས་གྲོང་ཁྱེར་ཁུའུ་ལི་ཡ་ཁན་གྲོང་ཁྱེར་གྱི་མྱུར་ཟས་ཁང་ཞིག་གི་སྒོ་ཁ་རུ་ཐད་གཏོང་བྱེད་དུས། འཕྲུལ་རྟ་ཞོན་མཁན་གཉིས་ཉེ་སར་བཅར་ནས་ཁོ་ལ་མེ་མདས་བརྒྱབ་པ་རེད།

མོ་ཞི་ཁོའི་སྲིད་འཛིན་ཁི་ལའོ་ཏི་ཡ་.ཞིན་པའོ་མུའུ་ཡིས་བཤད་རྒྱུར། དོགས་ཡོད་ཉེས་ཅན་འཛིན་བཟུང་བྱེད་ཀྱིན་ཡོད་པ་མ་ཟད་གྱོད་དོན་བཟོ་བའི་ཀུན་སློང་ལ་བརྟག་དཔྱད་བྱེད་ཀྱིན་ཡོད་ཟེར།

མོ་ཞི་ཁོ་ཡི་བདེ་འཇགས་རྒྱལ་སྲིད་ལས་ཁུངས་ཀྱིས་བསྟན་དོན། བརྟག་དཔྱད་མི་སྣས་གྱོད་དོན་དེ་ཅ་སི་ཐི་ལོ་མུའུ་ཡིས་སྤེལ་བའི་དྲ་རྒྱའི་ནང་དོན་ལ་འབྲེལ་བ་ཡོད་མེད་ཞིབ་བཤེར་བྱེད་ཀྱིན་ཡོད། ཅ་སི་ཐི་ལོ་མུའུ་ཡིས་དེ་སྔ་བརྙན་རིས་འགའ་ཡི་ནང་ཉེས་བཟོ་རྩ་འཛུགས་ག་གེ་མོའི་ཕྱོགས་ཁག་གླེང་མྱོང་ཡོད། ཡིན་ཡང་གཞུང་ཕྱོགས་ཀྱིས་འདི་ལས་མང་བའི་ཞིབ་ཆ་གསལ་བསྒྲགས་བྱས་མེད།

ཞི་ན་ལོ་ཡ་མངའ་སྡེ་རུ་དུག་འཚོང་སྡེ་ཚོགས་ཀྱི་གཏུམ་སྤྱོད་བྱེད་སྒོ་སྨྱོ་ཧམ་ཆེ་བ་དང་། དེའི་ཁྲོད། ཞི་ན་ལོ་ཡ་སྡེ་ཚོགས་ནང་ཁུལ་གྱི་འགལ་ཟླར་གྱུར་བའི་ཕྱོགས་ཁག་གཉིས་ཀྱི་དྲག་ཤུགས་འགལ་ཟླ་མཚམས་ཆད་ཀྱིན་མེད།

སྨྱན་སྦྱོར་གྱི་སྡོམ་རྩིས་ལྟར་ན། 2024ལོའི་ཚུན་ལ། ཉུང་མཐར་ཡང་དྲ་རྒྱའི་ཐད་གཏོང་མི་སྣ9ཞི་ན་ལོ་ཡ་མངའ་སྡེ་རུ་རྐྱེན་ལམ་དུ་ཤོར་བ་རེད།