ཝེ་ཏེ་མཱ་ལ་མེ་རི་བསྟུད་མར་དུས་ཚོད50ལ་འཕྱུར།
ཁུངས། ཀློག་གྲངས།

ཝེ་ཏེ་མཱ་ལ་རྒྱལ་ཁབ་ས་ཡོམ་དང་མེ་རི། གནམ་གཤིས་དང་ཆུ་དཔྱད་ཅུས་ཀྱིས་ཚེས5ཉིན་བསྒྲགས་པ་ལྟར་ན། ཧྥུའུ་ཨའེ་ཀི་མེ་རི་བསྟུད་མར་དུས་ཚོད50ལ་འཕྱུར་རྗེས་མཚམས་བཞག་པ་རེད། དེ་སྔ་ཕྱིར་འཐེན་བྱས་པའི་སྡོད་དམངས1700ལྷག་ཕྱིར་ཁྱིམ་དུ་ལོག་པའི་ཆོག་མཆན་བཀོད།

ཧྥུའུ་ཨའེ་ཀི་མེ་རི་ནི་ཚེས3ཉིན་གྱི་ཞོགས་པ་ནས་འཕྱུར་འགོ་བརྩམས་ཤིང་། ཞུན་བྲག་རི་ལྡེབས་ནས་མར་ཟེགས་ཡོང་བ་དང་། མེ་རིའི་ཐལ་བ་དང་ཧྲུག་རོ། དྲོད་ཚད་མཐོ་བའི་རླངས་གཟུགས་བཅས་ཀྱིས་གྲུབ་པའི་མེ་རི་འཕྱུར་ཚད་སྟོང་སྨི་འགའ་ལ་སླེབས། ཝེ་ཏེ་མཱ་ལ་རྒྱལ་ཁབ་ཀྱི་གནོད་འཕྲི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གིས་ཚེས4ཉིན་མེ་རིའི་མཐའ་འཁོར་གྱི་ཞིང་ཆེན་གསུམ་དུ་ཆེས་མཐོ་རིམ་པའི་ཉེན་བརྡ་བརྒྱབ།

ཨུ་ཡོན་ལྷན་ཁང་འདིས་ཚེས5ཉིན་དྲན་སྐུལ་བྱས་ནས་བཤད་རྒྱུར། གནས་བབ་བདེ་འཇགས་ཡིན་པར་གཞིགས་ནས། ཕྱིར་འཐེན་བྱེད་དུ་བཅུག་པའི་མང་ཚོགས་ཁྱིམ་དུ་ལོག་ཆོག་མོད། འོན་ཀྱང་སྔར་བཞིན་དོགས་ཟོན་བྱེད་དགོས་ལ། རྒྱུ་མཚན་མེ་རི་དུས་ངེས་མེད་དུ་ཡང་བསྐྱར་འཕྱུར་སྲིད་པ་རེད།

ལོ61ལ་སོན་པའི་ས་དེའི་ཞིང་བ་པེ་འར་ན་ཝེ་.མ་ལོ་ཅིན་གྱིས་ཧྥ་རན་སེའི་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ས་གནས་ཀྱི་མི་ཡིས་མེ་རི་འཕྱུར་བར་སྣང་དོགས་ཆེན་པོ་བྱེད་ཀྱིན་མེད། རྒྱུ་མཚན་ང་ཚོ་མེ་རིའི་འགྲམ་དུ་འཚོ་བ་རོལ་བཞིན་ཡོད་པས། ང་ཚོས་མེ་རི་འཕྱུར་དུས་དང་འཕྱུར་མཚམས་བཞག་པའི་རྣམ་པ་གང་འདྲ་ཞིག་ཡིན་པ་ཤེས་ཡོད་ཟེར།

ཧྥུའུ་ཨའེ་ཀི་མེ་རིར་མཚོ་འཕགས་སྨི3763ཡོད་པ་དང་། རྒྱལ་ས་ཝེ་ཏེ་མཱ་ལ་མཁར་གྲོང་གི་ལྷོ་ནུབ་སྤྱི་ལེ40ཡི་མཚམས་ན་ཆགས་ཡོད་ལ། མེ་གླིང་དབུས་མའི་ཆེས་འཁྲུག་ཆ་དོད་པའི་མེ་རི་གྲས་ཀྱི་གཅིག་ཡིན། 2018ལོའི་ཟླ6པར། ཧྥུའུ་ཨའེ་ཀི་མེ་རི་འཕྱུར་ནས་མི200ལྷག་རྐྱེན་ལམ་དུ་ཤོར་བ་རེད།