
ཁོང་ཀོ་ཅིན་འཕྲོད་བསྟེན་པུའུ་ཡིས་ཚེས6ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། རྒྱལ་ཁབ་འདིའི་སྐོར་ཐེངས་འདིའི་ཨེ་པོ་ལ་རིམས་ནད་བྱུང་བའི་ནད་པ་རིམ་རྩིས་བྱས་ན4053ལ་སླེབས། ཧྥེ་གླིང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་ཁཱ་སའེ་ཡ་ཡིས་ཉིན་དེར་བསྟན་དོན། རིམས་ནད་འགོས་ཡོད་པའི་ནད་པའི་གྲངས་འབོར་སྙན་ཞུ་བྱས་པ་འདི་ལས་མང་ཡང་སྲིད་ཟེར།
ཁོང་ཀོ་ཅིན་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པའི་གཞི་གྲངས་ལྟར་ན། ཚེས5ཉིན་བར། རྒྱལ་ཁབ་འདིའི་རིམ་རྩིས་བྱས་པའི་ཨེ་པོ་ལ་རིམས་ནད་བྱུང་བའི་ནད་པ4053ལ་སླེབས་ཤིང་། དེའི་ཁྲོད་ནད་པ1850རྐྱེན་ལམ་དུ་ཤོར། བསྡོམས་པས་ནད་པ793དྲག་སྐྱེད་བྱུང་ཡོད།
ཁཱ་སེའ་ཡ་ཡིས་ཚེས6ཉིན་དྲ་ལམ་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། རིམས་ནད་འགོས་ཡོད་པའི་གྲངས་འབོར་ད་ཡོད་ཀྱི་བསྡོམས་རྩིས་ལས་མང་ཡང་སྲིད། སྐོར་ཐེངས་འདིའི་རིམས་ནད་ནི་སྔར་བྱུང་མ་མྱོང་བའི་ཚབས་ཆེན་ཚད་རིམ་དུ་སླེབས་པས། འབྲེལ་ཡོད་ཕྱོགས་ཀྱིས་ཞིབ་འཇུག་བྱས་ཏེ། ནད་དུག་རྒྱུད་འགྱུར་བྱུང་ཡོད་མེད་གསལ་བོ་བརྟག་ནས། དམིགས་གཏད་ཡོད་པའི་སྒོ་ནས་ཁ་གཏད་འཇལ་བའི་བྱེད་ཐབས་ལེགས་སྒྲིག་བྱེད་རྒྱུ་ཡིན།
ཁཱ་སའེ་ཡ་ཡིས་བཤད་རྒྱུར། དེང་སྐབས་ཁོང་ཀོ་ཅིན་གྱིས་རིམས་ནད་ལ་ཁ་གཏད་འཇལ་བའི་ལས་ཀའི་མི་འདང་ས་གཙོ་བོ་ནི་སྒོར་མོས་མི་འདང་བ་མིན་ལ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་སྡེ་ཁུལ་འགོག་སྡོམ་ཁྲོད་ཞུགས་པར་སྐུལ་སློང་བྱས་པ་མི་འདང་བས། ཕྱོགས་སོ་སོས་ས་གནས་སྡེ་ཁུལ་གྱི་འགོ་གཙོ་དང་སྐྱེས་མ། ན་གཞོན་རྩ་འཛུགས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས6ཉིན་སྤེལ་བའི་སྤྱི་བསྒྲགས་ཤིག་ལས་བཤད་རྒྱུར། རྩ་འཛུགས་འདི་དང་ཧྥེ་གླིང་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱིས་འབོད་སྐུལ་བྱས་པ་ལྟར་ན། ཁོང་ཀོ་ཅིན་དུ་བྲེལ་མྱུར་ངང་སྡེ་ཁུལ་གྱིས་གཙོ་ཁྲིད་བྱས་པའི་ཨེ་པོ་ལ་རིམས་ནད་ལ་ཁ་གཏད་འཇལ་བའི་བྱེད་ཐབས་ཇེ་དྲག་ཏུ་བཏང་བའི་ནང་། སྔ་མོ་ནས་ཤེས་རྟོགས་དང་འབྲེལ་འདྲིས་དམ་ཟབ་ཅན་གྱི་རྗེས་འདེད། སྨན་བཅོས་ཞབས་ཞུ་སྒྲུབ་ཐུབ་པ། ཡུལ་དངོས་ཀྱི་འཕྲོད་བསྟེན་ལས་སྒྲུབ་པར་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ལས་ཀར་ཤུགས་སྣོན་པ་དང་། དེ་བཞིན་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་སྡེ་ཁུལ་ལ་མགྱོགས་མྱུར་ངང་རོགས་སྐྱོར་དངོས་ཟོག་སྟེར་བ་བཅས་འདུས་ཡོད།
ཁོང་ཀོ་ཅིན་འཕྲོད་བསྟེན་པུའུ་ཀྲང་ཁན་པ་ཡིས་ཚེས5ཉིན་རྒྱལ་ས་ཅིན་ཧྲ་ས་རུ་བཤད་རྒྱུར། རྒྱལ་ཁབ་འདིའི་འབྲེལ་ཡོད་སྡེ་ཁག་གིས་ཉིན་དེར་ཅིན་ཧྲ་ས་དང་ཧ་ལམ་བར་ཐག་སྤྱི་ལེ65ཡོད་པའི་ཆུ་ལམ་དུ་གྲུ་གཟིངས་ཤིག་བཀག་པ་དང་། དེའི་རྒྱུ་རྐྱེན་ནི་གྲུ་གཟིངས་འདིར་བསྡད་མྱོང་བའི་འགྲུལ་བ་ཞིག་གྲུ་གཟིངས་ལས་བབས་རྗེས་ཨེ་པོ་ལ་ནད་དུག་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་དོགས་གཞི་ཡོད་པ་རེད། ཁོང་ཀོ་ཅིན་འཕྲོད་བསྟེན་པུའུ་ཡི་དྲུང་ཡིག་ཆེན་མོ་པང་པོ་ཁི་ཡིས་ཚེས6ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། གྲུ་གཟིངས་ལ་བསྡད་པའི་འགྲུལ་བ250ཡིས་མིང་ཐོ་བཀོད་ཡོད་མོད། དོན་དངོས་སུ་མི་གྲངས300ཡོད་སྲིད་པས། འབྲེལ་ཡོད་སྡེ་ཁག་གིས་ཞིབ་བཤེར་བྱེད་ཀྱིན་ཡོད། ཁོས་བཤད་རྒྱུར། ང་ཚོས་ངེས་པར་དུ་རང་ནུས་གང་ཡོད་བཏོན་ནས་ཨེ་པོ་ལ་ནད་དུག་ཅིན་ཧྲ་ས་རུ་མཆེད་པར་བཀག་འགོག་བྱེད་རྒྱུ་ཡིན་ཟེར།